དུས་བབ་ཀྱི་ཆོས་སྐལ།


  

       མེ་སྤྲེལ་ལོའི་ལོ་མཇུག་ལ་མི་ཡུལ་དུ་འཁྲུངས་པའི་དཔེ་དེབ་གསར་པ་དུས་བབ་ཀྱི་ཆོས་སྐལ་ཞེས་པ་ནི། ཨོ་རྒྱན་རིན་པོ་ཆེའི་འཁྲུངས་ལོ་དབང་ཆེན་སྤྲེལ་གྱི་ལོ་འདིར་ྋབླ་མ་རིན་པོ་ཆེ་ཤེས་རབ་བཟང་པོ་མཆོག་གིས་དངོས་སུ་མཛད་པ་དང་ཞལ་ནས་གསུངས་པའི་གདམས་ངག་མི་ཉུང་བ་ཞིག་ཕྱོགས་གཅིག་ཏུ་བསྡུས་པ་ཞིག་ཡིན།

  དེབ་ཀྱི་ནང་དོན་ཆེ་ལོང་ཙམ་ངོ་སྤྲད་ན། གཅིག་ནས་བླ་མ་ཨོ་རྒྱན་ཆེན་པོའི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཀྱི་རང་བཞིན་བརྗོད་པ་དང་། ཚིག་བདུན་གསོལ་འདེབས་ཀྱིས་གསོལ་བ་འདེབས་པའི་ཕན་ཡོན་དང་འབྲས་བུ་འཐོབ་ཚུལ། ཚིག་བདུན་གསོལ་འདེབས་ཀྱི་འགྲེལ་བ་གནད་བསྡུས། དབང་ཆེན་སྤྲེལ་གྱི་ལོ་སྤྱི་དང་ཁྱད་པར་དུ་སྤྲེལ་ཟླའི་ཚེས་བཅུའི་སྐོར་གྱི་ངོ་སྤྲོད་སོགས་ཐད་ཀར་ཨོ་རྒྱན་རིན་པོ་ཆེ་དང་འབྲེལ་བ་ཡོད་པའི་ནང་དོན་དེབ་ཀྱི་ནང་དོན་གཙོ་བོ་རེད།

  གཉིས་སུ་༡༩༨༧ལོར་རང་རེ་རྣམས་ཀྱི་སྐྱབས་གཅིག་འཁོར་ལོའི་མགོན་པོ་སྐྱབས་རྗེ་ཡིད་བཞིན་ནོར་བུ་ཁོང་གནས་ཆེན་རི་བོ་རྩེ་ལྔ་ལ་ཕེབས་པའི་དགོས་པ་དང་རྟེན་འབྲེལ། དེའི་གནས་སྐབས་ཀྱི་མཛད་འཕྲིན་གང་དག་སྤེལ་བ་དང་། ཡང་སྒོས་སུ་དེའི་སྐབས་སུ་རྗེ་ཉིད་ཀྱིས་རི་བོ་རྩེ་ལྔའི་བྱང་ཆུབ་སེམས་དཔའི་སྤོ་ལ་གུ་རུ་མཐོང་གྲོལ་ཆེན་མོ་བཞེངས་པའི་དགོས་པ་དང་དེའི་ཕན་ཡོན། ཡང་སྙིང་སྐུ་རྟེན་དེ་ཉིད་དེ་འདྲའི་རྩ་ཆེན་པོ་ཡིན་པའི་རྒྱུ་མཚན་སོགས་ཀྱི་སྐོར་ནས་ཤིན་ཏུ་གསལ་པོར་འཁོད་ཡོད།

  གསུམ་པ་གྲུབ་མཐའ་འགལ་མེད་དུ་སྒྲུབ་པའི་བཀའ་སློབ་དང་། སྐྱེས་ཆེན་རྗེས་དྲན། འདན་སྲས་གཡུ་འོད་འབུམ་མེའི་རྣམ་ཐར་དང་གླིང་བྲོ་བདེ་ཆེན་རོལ་མོས་ཅི་ཞིག་མཚོན་བཞིན་ཡོད་པའི་སྐོར། དམ་པ་གསུམ་གྱིས་བརྩིས་བཟུང་ནས་དགེ་བ་སྒྲུབ་ཚུལ། བསྙེན་གནས་ཡན་ལག་བརྒྱད་པ་ཇི་ལྟར་བསྲུང་དགོས་ཚུལ་དང་སྲུང་བའི་ཕན་ཡོན། སྐུ་གསུང་ཐུགས་རྟེན་བཞེངས་པའི་ཕན་ཡོན། བླ་མས་དངོས་སུ་མཛད་པའི་སྨོན་ལམ་སོགས་ནང་དོན་ཐོར་བུ་ཅན་ཡང་མི་ཉུང་བ་འདུས་ཡོད།

  བཞི་པ། ནང་དོན་དེ་དག་གི་ཞོར་ལ་ཚིག་བདུན་གསོལ་འདེབས་དུང་བརྒྱའི་དགེ་སྐུལ་གྱི་སྐོར་དང་། རི་བོ་རྩེ་ལྔའི་གུ་རུ་ཞིག་གསོའི་སྐོར། དབེན་གནས་བཀྲ་ཤིས་ཁྲི་གླིང་གི་འདུས་སྡེ་སྤྱི་ལ་གདམས་པའི་བཀའ་སློབ་དང་། མཐའ་འཁོར་སྡེ་བ་དག་གི་ཐད་ནས་གསུངས་པའི་གསུང་བཤད་ཐོར་བུ་སོགས་འདུས་ཡོད་པ་མ་ཟད། བརྗོད་དོན་མི་ཉུང་བ་ཞིག་ལ་དེ་དང་མཐུན་པའི་པར་རིས་ཀྱིས་བརྒྱན་ཡོད་པས་མཇལ་ཀློག་གི་སྐབས་སུ་ནང་གི་བརྗོད་བྱ་གསོན་ཉམས་ལྡན་པར་རྟོགས་ཐུབ་པར་མ་ཟད། དབེན་གནས་བཀྲ་ཤིས་ཁྲི་གླིང་གི་བཀོད་པ་སོགས་ཀྱང་མཇལ་ཐུབ། དེབ་འདི་ཉིད་མེ་སྤྲེལ་ལོའི་ལོ་དེབ་ཀྱི་ཚབ་ཅིག་ཏུ་མི་འགྲོ་མོད། ལོ་མཇུག་གི་ལེགས་སྐྱེས་ཡག་ཤོས་ཤིག་ལ་བཟུང་ནས་ཐམས་ཅད་ཀྱི་སྤྱན་ལམ་འབུལ་ཐུབ་སོང་བས། འདིས་ཀྱང་ཁྱེད་ཀྱིས་འདི་དང་ཕྱི་མའི་དོན་ཆེན་རྙེད་ཅིང་མི་ཚེའི་རྨོངས་པ་ཇི་སྙེད་ཅིག་སེལ་ཐུབ་པའི་རེ་འདུན་ཞུ་བ་ཡིན་ལ། རྩ་བའི་བླ་མ་བཀའ་དྲིན་ཅན་ཁོང་གི་ཐུགས་དྲིན་གཟོ་ཐུབ་ཅིང་ཁོང་ཉིད་ཐུགས་མཉེས་པའི་རྒྱུ་རུ་འགྱུར་བ་ཤོག་ཅིག་ཅེས་སྨོན་ལམ་ཡང་འདེབས་པ་ཡིན་ནོ། །
 

  ཞེས་མེ་སྤྲེལ་ལོའི་བོད་༡༢པའི་ཚེས་༢༢་ཉིན་ལ་དབེན་གནས་བཀྲ་ཤིས་ཁྲི་གླིང་གི་བོད་ཡིག་ཚན་ཆུང་གིས་སྤེལ་བ་ཁ་དགེ་བཀྲ་ཤིས།