མཁན་ཆེན་བླ་མའི་ཞལ་གདམས་ཐུང་བཀོད་། བཅུ་པ།


བརྩོན་འགྲུས་ནི་དགེ་བ་ལ་སྤྲོ་བའོ།།

སྦྱིན་པ་བརྒྱུད་ནས་ང་ཚོས་ཞེན་ཆགས་བློས་གཏོང་བྱས་ཚར།ཞེན་ཆགས་ཇེ་ཉུང་དུ་བཏང་རྗེས་སྤྱོད་པས་ཀྱང་འཚེ་བ་བྱེད་པ་ཇེ་ཉུང་འགྲོ་བས་དེ་ནི་ཚུལ་ཁྲིམས་དང་།དེ་ནས་ཁོང་ཁྲོའི་རྟོག་པ་ལས་སླ་མོས་སྐྱེ་རུ་མི་འཇུག་པར་འགོག་པ་ནི་བཟོད་པ་ཡིན།དེ་ལ་བརྟེན་ནས་བྱུང་བའི་འཚོ་བའི་འགྱུར་རིམ་ལ་མི་རྣམས་དགའ་སྤྲོས་བརྟས་ཏེ་ཡོད་ཕྱིར།ད་ནི་ང་ཚོ་ཕྱིན་དྲུག་གི་ནང་ནས་རིམ་པ་གསར་པ་ཞིག་ལ་བསླེབས་ཡོད།དེ་ནི་ཆོས་ཉམས་ལེན་ལ་རྒྱུན་འཁྱོངས་དང་སྤྲོ་བ་ཡོད་པ་དེའོ།།བརྩོན་འགྲུས་ཞེས་པ་ཡང་དམིགས་ཡུལ་གང་ཞིག་གི་ཆེད་དུ་ངེས་པར་ཧུར་ཐག་མ་བྱས་ན་མི་ཆོག་པའི་བྱ་བ་ཞིག་མ་ཡིན་པར།ཤེས་བྱ་དག་ལ་སློབ་གཉེར་གྱི་ལམ་དུ་སྐྱོད་སྐབས་དཀའ་ངལ་གྱི་མདུན་ནས་འཚུབ་ཆ་མི་ལངས་ཤིང་།ཡིད་ཆད་མི་འབྱུང་བའི་སྤོབས་པ་དང་ལྡན་པའི་སྤྲོ་བ་ཞིག་ལ་ཟེར་བ་རེད། 

བསམ་གཏན་ནི་ཞི་བའོ།།

བསམ་གཏན་ནི་རྣམ་རྟོག་གིས་མི་གཡོ་བར་གཡེང་མེད་དུ་རྩེ་གཅིག་ཏུ་གནས་པ་ལ་ཟེར།སྤྱིར་བཏང་བསམ་གཏན་ལ་རྩ་བ་ནས་བློ་སྦྱངས་མ་མྱོང་མཁན་ཞིག་གིས་རང་སེམས་སྐད་ཅིག་ཙམ་ལ་ཡང་བདག་བཟུང་བྱེད་ཐུབ་དཀའ་ཞིང་།རང་དབང་མེད་པར་རྣམ་རྟོག་གི་དྲ་བ་ཕྱི་རོལ་གྱི་ཁམས་སུ་མཆེད་སླ་བས།གང་ལ་ཡང་མི་གཡེང་བར་དམིགས་བྱ་གཅིག་ལ་ཡིད་གཏད་ཐུབ་པ་ནི་ཕལ་ཆེར་མི་སྲིད་པའི་དཔེ་རེད།ལས་དང་པོ་པའི་ངོས་ནས་བཤད་ན།ས་ཕྱོགས་དབེན་པ་རྣམས་སུ་བསླུ་བྲིད་དང་འུར་ཟིང་མེད་པས།དེ་ནི་ཏིང་འཛིན་གྱི་ཕུགས་བསམ་མངོན་དུ་འགྱུར་སའི་དག་ཞིང་ཡིན།དེའི་ཕྱིར་ན་རྣལ་འབྱོར་གོང་མ་རྣམས་ཀྱིས་ཀྱང་དབེན་གནས་ཀྱི་ཡོན་ཏན་མང་དུ་གསུངས་ཡོད།གལ་ཏེ་ཁྱེད་ཉིད་དུས་ནམ་ཡང་ཕྱིན་ཅི་མ་ལོག་པའི་དམིགས་བྱ་དང་མི་འབྲལ་བར་གནས་ཐུབ་ན།སྒོ་གསུམ་གྱི་བྱ་བ་མཐའ་དག་བསམ་གཏན་གྱི་བྱ་བ་ཡིན་ཆོག

ཤེས་རབ་ནི་མི་རྨོངས་པའོ།།

ཤེར་ཕྱིན་སྟོང་པ་ཉིད་ནི་ཡི་གེས་མཚོན་མི་ཐུབ་ཀྱང་།ཚོར་སྣང་གི་ཐོག་ནས་ཚད་མེད་པའི་གུ་ཡངས་ཀྱི་བློ་དང་འདྲ་སྟེ།ངོ་བོ་དྭངས་ཤིང་གསལ་ལ།ཡངས་ཤིང་ཁོད་ཆེ་བ་དང་།མཁྲེགས་འཛིན་དང་ཆགས་ཞེན་སོགས་གང་ཡང་མེད་པས་ཅི་ཡང་མིན་ལ་གང་ཡང་ཡིན་ཆོག་པ་ཞིག་ལ་ཟེར།ཉོན་མོངས་དང་མ་འདྲེས་པའི་བློ་ཡིས་སྦྱིན་པ་དང་ཚུལ་ཁྲིམས།བཟོད་པ།བརྩོན་འགྲུས།བསམ་གཏན་བཅས་ཀྱི་ལས་སུ་ཞུགས་ན།ཁྱོད་ཀྱིས་གང་དུའང་རུང་བའི་སྟོང་ཉིད་ཀྱི་དོན་ཟབ་མོ་དེ་ཉིད་ཧ་གོ་བར་འགྱུར་ངེས།