མཁན་ཆེན་བླ་མའི་ཞལ་གདམས་ཐུང་བཀོད་། དགུ་པ།


འཇིགས་སྣང་སེལ་ཐབས་གཉིས་ཡོད།

དུས་ཚོད་ནི་སྐད་ཅིག་ཙམ་ཡང་མི་སྡོད་པར་མདུན་ནས་མདུན་དུ་རྒྱུག་ཅིང་།དགུན་གྱི་རྒྱལ་མོ་དལ་གྱིས་བཞུད་རྗེས་དཔྱིད་ཀྱི་བུ་མོ་འཕྲལ་དུ་ཐོན་འོང་།ཐང་ནས་མེ་ཏོག་གི་འདབ་མ་ཡར་ལ་བཞད་ཅིང་སླར་ཡང་མར་ལ་འཐོར་བ།ད་དུང་རྒྱའི་ལེགས་བཤད་ཅིག་ཏུ།ཟླ་བ་ཡར་ངོ་མར་ངོ་།།མི་སེམས་སྐྱིད་རེས་སྡུག་རེས།།ཞེས་ཟེར་བ་ལྟར་ཡོད་ཚད་འགྱུར་གྱིན་ཡོད་ལ།དེ་ནི་འཇིག་རྟེན་གྱི་དངོས་པོ་ཀུན་ལ་ཡོངས་ཁྱབ་ཏུ་གནས་པའི་ངོ་བོ་ཡིན་ཡང་།མང་པོ་ཞིག་གིས་དོན་རྐྱེན་དང་འཕྲད་པའམ།འདུ་འབྲལ་བྱུང་བ་སོགས་འུ་ཐུག་ཐབས་ཟད་ཀྱི་སྐབས་སུ་ད་གཟོད་མི་རྟག་པའི་དོན་ལ་མཉམ་འཇོག་བྱེད་སྲིད།དེའི་རྒྱུ་མཚན་གྱིས།མི་རྣམས་ཀྱི་ལོག་རྟོག་ཅིག་ལ་སྡུག་བསྔལ་རྣམས་མི་རྟག་པས་ཁྱེར་བྱུང་བསམ་པ་རེད་ཀྱང་།དོན་དུ་ང་ཚོ་ལ་སྡུག་བསྔལ་སྐྱེ་འཇུག་མཁན་ནི་མི་རྟག་པ་མ་ཡིན་ཞིང་།མི་རྟག་པ་ལ་བཟུང་བའི་རང་ཉིད་ཀྱི་འཇིགས་སྣང་དེ་རེད།འཇིགས་སྣང་དེ་ཉིད་སེལ་བ་ལ་ཐབས་ཤེས་གཉིས་ཡོད་དེ།གཅིག་ནི་མི་རྟག་པ་ལ་ཆ་རྒྱུས་ཡོད་པར་བྱེད་པ་དང་།གཉིས་སུ་མི་རྟག་པ་དེ་ལ་འཇིགས་སྣང་ཡོང་བའི་རྒྱུ་རྐྱེན་འཚོལ་རྒྱུ་དེ་གཉིས་རེད།

མི་རྟག་པ་འཇིགས་སུ་རུང་བ་ཞིག་མིན།

ཕལ་ཆེར་མི་མང་ཆེ་བ་ལ་འདི་འདྲའི་མྱོང་ཚོར་ཡོད་སྲིད། བྱ་དངོས་ཤིག་ལ་ཅི་ཚད་སྐྲག་ན་དེ་ཙམ་གྱིས་དེ་ལ་ལྟ་མི་ཕོད་པ་དང་། ཅི་ཙམ་ཞིག་དེ་ལ་ལྟ་མ་ཕོད་ན་དེ་ཙམ་གྱིས་འཇིགས་པ་སྐྱེ་སྲིད། མི་རྣམས་དང་མི་རྟག་པའི་འབྲེལ་བ་ཡང་དེ་འདྲར་ཆགས་འདུག གལ་ཏེ་ཁ་ཕྱིར་འཁོར་ཏེ་ལེགས་པར་བརྟགས་ན། མི་རྟག་པ་ནི་ང་ཚོའི་སེམས་ནང་ན་ཡོད་པ་ལྟ་བུའི་འཇིགས་ཡེར་ས་ཞིག་ཀྱང་མིན། ཅི་སྟེ་མི་རྟག་པ་མེད་ན། བྲལ་སོང་བའི་མི་དང་སླར་ཡང་འཕྲད་པའི་གོ་སྐབས་མེད་ལ། ནད་ཀྱིས་ཐེབས་པ་དག་ནི་ནད་ལས་ཐར་བའི་སྐལ་བས་དབེན་ཞིང་། མུན་ནག་གི་མཚན་མོ་ནམ་ཡང་ཉིན་དཀར་ལ་འགྱུར་རྒྱུ་མེད་པ་དང་། སྐྱོ་བས་ཁེངས་པའི་སེམས་ཁམས་ནམ་ཡང་སྤྲོ་སྐྱིད་དུ་འགྱུར་བའི་དུས་ཚོད་མེད་པས། དེ་འདྲའི་འཇིག་རྟེན་ནི་དཔེ་མེད་ཐབས་རྡུགས་ཤིག་མིན་ནམ།

མི་ཡུལ་གྱི་ཐོབ་ཤོར་མྱོང་མཁན་རང་གཅིག་པུ་མིན།

རྒྱུན་ལྡན་རང་ཉིད་དང་ཉེ་འགྲམ་གྱི་མིའི་འགྱུར་བ་དང་དོན་དག་གི་འགྱུར་བ་ལ་བརྟག་ཞིབ་བྱས་ན།ང་ཚོ་རིམ་བཞིན་མི་རྟག་པ་དང་ལེན་བྱེད་ཕོད་མཁན་དུ་འགྱུར་ཡོང་བས།དེ་དུས་བློ་ཐབས་ཅི་ཡོད་ཀྱིས་ཤར་ཤུར་དུ་དོད་པའི་གདོང་གི་གཉེར་རིས་ཉུང་ཐབས་ལ་འབད་མི་སྲིད་ཅིང་།ལུག་ལུག་གི་ལྟོ་བའི་ཐོག་ལ་ཚིག་པ་ཟ་མི་སྲིད།ད་རུང་འདུ་འབྲལ་གྱི་དོན་དུ་སེམས་ཀྱི་དགའ་བ་མི་གཡོ་ལ།རྒྱལ་ཕམ་གྱི་བྱ་བ་རྣམས་མི་བརྗེད་སྙིང་བཅངས་ཀྱི་ཚུལ་དུ་འཛིན་གྱི་མ་རེད།དེ་དུས་ད་གཟོད་ང་ཚོས་ཁུ་སིམ་མེར་ཚེ་སྲོག་གི་འགྱུར་རིམ་ལ་རྗེས་དཔག་གིས་ལྟ་ལུགས་ཤེས་ཤིང་།མི་ཡུལ་གྱི་ཐོབ་ཤོར་དང་རྒ་འཆི་དང་གོད་ཆགན་ཚ་སོགས་བདེ་འཇགས་མ་ཡིན་པའི་ཚོར་བ་མྱོང་མཁན་ནི་རང་ཉིད་གཅིག་པུ་མ་ཡིན་པའི་འདུ་ཤེས་ངང་གིས་སྐྱེ་ཡོང་།དོན་གྱི་ཐོག་ནས་ཀྱང་མི་ཚང་མའི་འཚོ་བར་འགྱུར་ལྡོག་གི་སྒང་གཤོང་ཆ་མི་སྙོམས་ཤིང་།ཐོབ་པ་ཡོད་ལ་ཤོར་བ་ཡང་ཡོད་པ་དེ་ནི་ཡོངས་ཁྱབ་རེད་ལ་རྒྱུན་ལྡན་ཡང་རེད།

 མི་རྟག་པས་མིའི་སེམས་ཁམས་ལྷོད་ཡངས་སྟེར།

མི་རྟག་པ་ལ་རྒྱུས་མངའ་ཡག་པོ་ཡོད་ན་མི་རྣམས་ཀྱི་སེམས་པ་གུ་ཡངས་དང་ལྷོད་ཆགས་སུ་ཡོང་བ་ལ་ཕན་པ་དང་།ད་རུང་དགེ་མཚན་གྱི་ཆ་གཞན་གཅིག་ཡོད་པ་ནི་དེའི་རྒྱུ་མཚན་ལ་བརྟེན་ནས་མི་ཚེ་ལ་ལྷག་ཏུ་གཅེས་སྤྲས་དང་།དམ་ཆོས་སྒྲུབ་པའི་དོན་སྙིང་ཤེས་འགྲོ་བ་དེ་ཡིན།ནམ་རྒྱུན་ང་ཚོས་ཁ་ནས་མི་ཚེ་ཐུང་ཐུང་རེད་ཟེར་མོད།ཡིན་ན་ཡང་ནང་གི་འཛིན་སྟངས་ཀྱིས་ཤིན་ཏུ་རིང་པོར་བརྩིས་ཏེ།བྱ་བ་བསྒྲུབ་དགོས་ཚེ་ཡོད་རྒྱུ་དེ་གོ་སྐབས་རེད།དེ་འདྲ་ཞིག་ཅི་བྲེལ་ཟེར་ནས་མི་རྣམས་ཀྱིས་མི་རྟག་པ་ནི་རང་ཉིད་དང་ཁ་ཐག་ཆེས་རིང་ས་ཞིག་ཏུ་ཡོད་སྣང་འཆར་བཞིན་ཡོད་པ་རེད།ཉེ་འགྲམ་གྱི་མི་ལ་བྱུང་བའི་གསོན་གྱེས་ཤི་བྲལ་གྱི་དོན་དག་རྣམས་རང་ཉིད་དང་འབྲེལ་མེད་ཅིག་ལ་བརྩི་བར་མ་ཟད།རང་ལ་ན་ཚ་འབྱུང་བའམ་རང་གི་གཉེན་ཉེ་རྐྱེན་ལམ་དུ་འཆོར་བ་ལྟ་བུའི་རང་དང་འབྲེལ་ཡོད་ཀྱི་དོན་ཆེན་རྣམས་དང་ཕྲད་ན་ཡང་།རྫ་དཔལ་སྤྲུལ་གྱིས།མི་རྟག་མངོན་དུ་གྱུར་ཀྱང་རྟག་པར་འཛིན།།རྒ་བའི་གྲོང་སྒོར་སླེབས་ཀྱང་གཞོན་པར་རློམ།།ཞེས་གསུངས་པ་ལྟར།རྩ་བའི་ཆ་ནས་རྒྱུན་ལྡན་དང་འདྲ་བར་མི་རྟག་པའི་གནས་ལུགས་ལ་མཐོང་ཆུང་བྱེད་པའི་བག་ཆགས་དེ་ལྡོག་ཐུབ་ཀྱི་མི་འདུགདེ་ནི་འགྲིག་ཤོའི་ཅོག་ཟུར་ལ་ཡོད་པའི་མི་ཚོས་འགྲམ་གྱི་བརྙན་འཕྲིན་ལས་ས་འགུལ་གནོད་སྐྱོན་བྱུང་བ་མཐོང་རུང་།འགྲིག་ཤོ་རྩེད་མཚམས་འཇོག་མི་སྲིད་པ་དང་འདྲ་ཞིང་།རེ་ཞིག་ནད་ལས་ཐར་ཚར་བ་དག་གི་ནང་ན་རང་གིས་སྔོན་ཆད་མྱོང་བའི་ན་ཚ་དང་ཉེན་ཁ་དེ་བརྒྱུད་ནས།ད་ལྟ་རང་ཉིད་ཀྱི་ནུས་པ་རྩལ་སྤྲུགས་ཀྱིས་འཚོལ་སྙེག་བྱེད་བཞིན་པའི་ཁེ་གྲགས་སོགས།ཚེ་སྲོག་ལ་བསྡུར་ན་རིན་ཐང་ཆེན་པོ་ཞིག་མེད་པར་ཤེས་མཁན་དེ་ཉུང་ཉུང་ཡིན།རེད་དེ།ཁེ་གྲགས་སོགས་དང་བསྡུར་ན་ནང་སེམས་ཀྱི་ཞི་འཇགས་དང་།ཆོག་ཤེས།བརྩེ་སེམས་དང་བྱམས་པའི་ངང་ནས་གཞན་ལ་རོགས་བྱེད་པའི་བྱ་སྤྱོད་ཀྱིས་རང་ལ་ཕན་ཐོགས་དེ་བས་ཆེ་ལ།བདེ་སྐྱིད་ཀྱི་སྣང་བ་ཡང་དེ་བས་འཆར་སླ།

བརྗེད་ངེས་ཀྱི་གཉེན་པོ་དྲན་ཤེས་བསྟེན་དགོས། 

ང་ཚོ་ནི་བརྗེད་ངེས་ཀྱི་ནད་གཞི་ཐེབས་ཚབས་ཆེ་བའི་མི་སྐོར་ཞིག་སྟེ།དུས་ཚོད་ཕལ་ཆེར་དཀའ་ལས་དང་སྡུག་བསྔལ་གྱིས་ངུ་འབོད་སྡུག་ཡུས་ཀྱི་གནས་སུ་ལྷུང་ཡོད།ཁོམ་ལོང་ཅུང་ཟད་རེ་ལས་མེད་ན་ཡང་།རྣམ་གཡེང་དང་འུར་ཟིང་གང་གིས་ཆེ་ན་དེ་རུ་རྒྱུག་འགྲོ་བ་རེད།དེ་འདྲ་ཟེར་དུས་ཚང་མ་ཧུར་གྱིས་སྤྲོ་སྣང་ལ་ཞུགས་མི་ཆོག་ཟེར་བ་མིན་ཡང་།སྤྲོ་སྣང་དེ་དང་མཉམ་དུ་མི་ཚེ་ནི་འཁོས་ཐག་ལ་ཡུན་ཐུང་བའི་བདག་ཉིད་ཅན་ཡིན་ཚུལ་ཡང་དྲན་དགོས།ཞི་བ་ལྷས།ནད་མེད་ཉི་མ་འདི་ལྟ་བུ།།ཟས་བཅས་འཚེ་བ་མེད་ཀྱང་ནི།།ཚེ་ནི་སྐད་ཅིག་བསླུ་བ་སྟེ།།ལུས་ནི་ཐེངས་གཅིག་བརྙན་པོ་བཞིན།།ཞེས་གསུངས་ཡོད་པ་ནང་བཞིན།ང་ཚོའི་ལུས་ཀྱི་འབྱུང་བ་ཉིན་ལྟར་ཇེ་རྒུད་དུ་སོང་མཐར་ནམ་ཞིག་གི་ཚེ་ན་འཆི་འགྲོ་བ་དང་།བསམས་ཤིང་བསམ་ན་སྐྱེ་ནས་མ་ཤིའི་བར་དུ་ན་ཚ་སོགས་ཟིང་ཆ་ཆེ་བའི་དོན་དག་མང་ཡང་།རྣམ་དཀར་གྱི་ཚོགས་བསགས་པའི་སྐལ་བ་དང་།ཐར་བ་བརྩོན་ལེན་གྱི་རང་དབང་གི་དུས་ཚོད་ནི་དཀོན་པས།ང་ཚོས་འདི་ལྟ་བུའི་གཅེས་སུ་འོས་པའི་མི་ཚེ་དོན་དག་ཙག་ཙིག་དང་དགོས་མེད་ཀྱི་ཐོག་ཏུ་འཕྲོ་བརླག་བཏང་ནས།ད་ལྟ་མེད་པར་འགྱུར་གྱིན་པའི་དངོས་པོ་རྣམས་ཧུར་ཐག་གིས་སྲུང་འཛིན་བྱེད་བསམ་ན།དེས་ནི་མི་དགེ་བའི་ལས་ཀྱང་བསག་ཉེན་ཆེ།

མི་ཚེའི་མཇུག་ལ་གཅེས་པའི་ལུས་པོ་འང་སྐྱུར་དགོས།

མི་རྣམས་ཆེས་མཐའ་མཇུག་གི་མི་ཚེའི་བརྒྱུད་རིམ་ལ་ཐོན་དུས།དེ་ཚེ་བསོད་ནམས་ཀྱིས་བསྐྱབ་ན།།ཞེས་གསུངས་པ་ནང་བཞིན།ཁྱོད་ལ་ཡང་དག་པའི་ཆོས་མ་གཏོགས་གང་གིས་ཀྱང་ཕན་མི་ཐོགས།ཁྱོད་ཉིད་ཅི་ཙམ་འབྱོར་བ་དང་ལྡན་པ་ཡིན་ཡང་ཁབ་དང་སྐུད་པ་ཙམ་ཞིག་ཀྱང་ཁྱེར་དབང་མེད་ལ།ཁྱོད་ཀྱི་གོ་ཐོབ་ཅི་ཙམ་མཐོ་རུང་འཁོར་དང་གཡོག་པོ་གཅིག་ཀྱང་འཁྲིད་ས་མེད་པའི་ཁར།ཚེ་འདིར་རང་ཉིད་ཆེས་དམར་ཞིང་གཅེས་པའི་ལུས་པོ་ཡང་མི་སྐྱུར་ཐབས་མེད་ཡིན་ཏེ།དུས་ཀྱི་ཉན་ཏེ་རྒྱལ་པོ་འགྲོ་གྱུར་ན།།ལོངས་སྤྱོད་མཛའ་དང་བཤེས་རྣམས་རྗེས་མི་འབྲང་།།ཞེས་གསུངས་པ་ལྟར།དེའི་སྐབས་སུ་ཁྱོད་ལ་མི་དགེ་བ་ཁོ་ནས་གནོད་པ་བསྐྱལ་དོ་བ་ལས།གཞན་དུ་འཇིག་རྟེན་ཧྲིལ་པོ་འདི་ཉིད་ཁྱོད་ཀྱི་དགྲ་བོར་གྱུར་ཀྱང་།ཁོ་ཚོས་ཁྱོད་ལ་ཁབ་ཕྲ་མོ་ཞིག་གིས་ཕིགས་པའི་གནོད་པ་ཙམ་ཡང་བྱེད་མི་ཐུབ། ང་ཚོ་མི་རྟག་པ་ལ་མི་དགའ་སྟེ།རྒྱུ་མཚན་ཡང་དེས་འཇིགས་ཉེན་ཤིན་ཏུ་ཆེ་བའི་ཆ་འཕྲིན་བརྒྱུད་སྒྲོག་བྱེད་འོང་བ་དང་།རང་ཉིད་དང་བྱ་དངོས་ཡོད་ཚད་བདག་མེད་ཡིན་པས།བརྟན་བརླིང་དང་བདེན་གྲུབ་སོགས་ཀྱི་ངོ་བོ་དང་མི་ལྡན་ཞིང་།བྱ་དངོས་མཐའ་དག་རྒྱུ་རྐྱེན་རྟེན་འབྲེལ་ལ་བརྟེན་ནས་སྐྱེ་འགག་བྱེད་བཞིན་ཡོད་པ་བསྟན་འོང་།

 


ནང་དོན་འོག་མ།བཅུ་པ།