མཁན་ཆེན་བླ་མའི་ཞལ་གདམས་ཐུང་བཀོད་། བརྒྱད་པ།


 

སྡུག་བསྔལ་ལ་བཟོད་བསྲན་དགོས།

དོན་གནས་ཀྱི་ཐོག་ནས་སྡུག་བསྔལ་ཡོད་པ་ཁས་ལེན་ཚར་རྗེས་གོམ་གང་མདུན་སྤོ་ཡིས་དེ་ལ་རྒྱུས་ལོན་བྱ་དགོས།ནད་ན་བ་ལ་ཆ་མཚོན་ན།བརྒྱ་ལ་འཕྲོད་བསྟེན་རྒྱུན་ཤེས་ངེས་ཅན་ཞིག་ཤེས་ཚེ།འཚོ་བའི་གོམས་གཤིས་ཅི་འདྲར་སྙོམས་སྒྲིག་བྱེད་དགོས་པ་རྟོགས་ནས་ནད་ཀྱི་འགོས་ཚབས་ཇེ་ཆུང་དུ་གཏོང་བའམ།འགོས་ནད་འགོག་ཐབས་སོགས་ཀྱི་བྱ་བ་བྱེད་ཤེས་པ་ལས།རྒྱུན་པར་མི་ཕལ་ཆེས་བྱེད་སྟངས་ལྟར་ནད་ན་ཚར་རྗེས་ད་གཟོད་དོན་དེའི་ཚབས་ཆེན་རང་བཞིན་ཤེས་ཀྱང་།སྔོན་དུ་སྟ་གོན་གང་ཡང་མ་བྱས་པའི་དབང་གིས་དེའི་སྐབས་སུ་ཅི་ཡང་བསྒྲུབ་མི་ཁོམ་པ་ལྟ་བུ་མ་ཡིན་པར།ནད་དང་སྡུག་བསྔལ་གཞན་དག་གང་གི་མདུན་ནས་ཡིན་ཡང་།རང་ཉིད་ཀྱིས་བཟོད་བསྲན་དང་སྙིང་སྟོབས་རྒྱུན་འཁྱོངས་བྱ་ཐུབ་པའི་ངེས་པ་ཡོད་ཆོག

འགྱུར་ལྡོག་མི་ཐུབ་པའི་གནས་ཚུལ་གདོང་ལེན་དགོས།

སྐབས་ལ་ལར་རང་གིས་སྡུག་བསྔལ་རྒྱུས་ལོན་གྱི་ཉམས་མྱོང་བེད་སྤྱད་དེ།སྡུག་བསྔལ་འགའ་རེ་སྐྱེ་བ་བཀག་འགོག་བྱེད་ཆོག་ན་ཡང་།དུས་མཚུངས་སུ་འཚོ་བའི་གནས་ཚུལ་འགའ་རེ་བཀག་འགོག་མི་ནུས་ཤིང་།དོན་དག་མགོ་ཐོག་ཏུ་སླེབས་དུས་འགྱུར་ལྡོག་གཏོང་མི་ཐུབ་ས་ཡང་ཡོད་པ་ཤེས་དགོས།གལ་ཏེ་རྣམ་སྨིན་དངོས་སུ་སྨིན་ན།ཐབས་གང་གིས་ཀྱང་འབྲས་བུ་འབྱུང་བར་འགོག་མི་ཐུབ།རྣམ་སྨིན་དེ་ལས་བྱུང་བའི་སྡུག་བསྔལ་ལ་གཡོལ་ཐབས་ཡེ་ནས་མེད་ན།སྡུག་བསྔལ་གདོང་ལེན་བྱེད་པའི་སྟ་གོན་ཞིག་ཡོད་ན་ཡག་ཤོས་ཡིན།དེ་ལྟར་བྱེད་པའི་དགེ་མཚན་ཡང་།མ་གཞི་གདོང་གཏུག་དགོས་སའི་གནད་དོན་ལ་ཅིས་ཀྱང་གདོང་གཏུགས་ནས།མྱོང་དགོས་པའི་ན་ཟུག་གི་གོ་རིམ་ངེས་པར་མྱོང་བཞག་ན།ང་ཚོ་ལ་དེ་འདྲའི་དཀའ་སྣང་ཡོད་མི་སྲིད་པས་འཇིགས་སྐྲག་དང་སེམས་ཚེགས་ཀྱི་ཁུར་པོ་ལྷག་མ་ཡང་འཁུར་མི་དགོས།

ཁམས་དྭངས་མོ་དང་བག་ལྷོད་ཀྱི་སེམས་ཁམས།

རྒྱལ་སྲས་ཆེན་པོ་ཞི་བ་ལྷས།གལ་ཏེ་བཅོས་སུ་ཡོད་ན་ནི།།དེ་ལ་མི་དགའ་ཅི་ཞིག་ཡོད།།གལ་ཏེ་བཅོས་སུ་མེད་ན་ནི།།དེ་ལ་མི་དགར་བྱས་ཅི་ཕན།།ཞེས་གསུངས་པ་དང་འདྲ་བར་གལ་ཏེ་གནད་དོན་དེ་ཉིད་ཐག་ཆོད་ས་ཞིག་ཡིན་ན་སེམས་ཁུར་བྱེད་མི་དགོས་ལ།དེ་ཉིད་ཐག་གཅོད་ཀྱི་ཐབས་ཤེས་ཡེ་ནས་མ་ཡོད་ཚེ་སེམས་ཁུར་བྱེད་པ་ནི་བྱ་བ་ལྷག་མ་ཞིག་ལས་དགོས་པ་ཅི་ཡང་མེད།ནད་ཀྱི་གདུང་བས་གཟིར་ཚེ་ཞི་བ་ལྷའི་མན་ངག་དེ་ཉིད་བེད་སྤྱོད་ཨེ་ཐོངས་བལྟས་ཏེ།དཀའ་ངལ་གདོང་གཏུག་ལ་ཕན་ཐོགས་འབྱུང་མིན་ཚོད་ལྟ་བྱ་ཆོགགསོ་རིག་གི་ངོས་ནས་བཤད་ན།སྲོལ་རྒྱུན་དང་དེང་རབས་གང་གི་ཞིབ་འཇུག་ཡིན་རུང་།ཁམས་དྭངས་མོ་དང་བག་ལྷོད་ཀྱི་སེམས་ཁམས་ཀྱིས་ནད་མགྱོགས་པོར་དྲག་པར་ཕན་ཐོགས་ཡོད་པ་དང་།དེ་ལས་ལྡོག་ཕྱོགས་ཀྱི་སེམས་ཁམས་འཁྱེར་སོ་སྟེ་ཁོང་ཁྲོ་དང་ཞེ་སྡང་།སེམས་ཁྲལ་སོགས་ཀྱིས་ལུས་པོ་ལ་གནོད་པ་སྐྱེལ་བ་བདེན་དཔང་བྱས་ཡོད།

བརྒྱུད་དགོས་པའི་ཆུ་བོ་ཆེན་པོ་བཞི།

གོང་དུ་ཞུས་པ་ལྟར་སྡུག་བསྔལ་ནི་ཡོངས་ཁྱབ་རང་བཞིན་གྱི་སྡུག་བསྔལ་ཡིན་པས།འཚོ་བ་ཡང་ཅི་བསམ་རང་འགྲུབ་དང་མ་འབད་ཤུགས་འབྱུང་ལྟ་བུ་ཞིག་གང་ན་ཡིན།སེམས་ཀྱི་འཛིན་སྟངས་འདིས་ང་ཚོ་ད་གཟོད་ལྷོད་ཆགས་སུ་འབབ་ཐུབ་སྟེ།སྐྱོན་འཛུགས་དང་གཡོལ་ཐབས་ཀྱི་བྱ་བར་བྲེལ་མི་དགོས་ཤིང་།ཐ་ན་བློ་ཐབས་ཅི་ཡོད་ཀྱིས་འབད་ཀྱང་དོན་དག་འགའ་ཞིག་ཐག་ཆོད་མི་ཡོང་སྟེ།རྒྱུ་མཚན་ཡང་ཤ་ཁྲག་གིས་གྲུབ་པའི་ལུས་པོ་འདི་ཡོད་ནས་བཟུང་།ངེས་པར་དུ་ན་བ་དང་རྒ་བ།འཆི་བའི་གོ་རིམ་བརྒྱུད་དགོས་ཤིང་།སེམས་ནང་ན་འདོད་ཆགས་དང་ཁོང་ཁྲོ།སོམ་ཉི།ང་རྒྱལ་སོགས་ཀྱི་ཉོན་མོངས་ཡོད་ནས་བཟུང་།ཅིས་ཀྱང་སྡུག་བསྔལ་མྱོང་དགོས།

བསམ་གཞིགས་ཀྱིས་སྡུག་བསྔལ་རྟོགས་ཐུབ།

སྡུག་བསྔལ་ཤིན་ཏུ་མང་བའི་མི་ཚེའི་ཁྲོད་རེ་བ་ཡོད་ཚད་རྒྱང་བསྐྱུར་དང་བློ་ཕམ་ཡིད་ཆད་ཤ་སྟག་བྱས་ན།ཅུང་ཟད་གླེན་དྲགས་སོང་བ་མིན་ནམ།སྡུག་བསྔལ་ལ་བརྟག་དཔྱད་དང་བསམ་བློ་གཏོང་དགོས་པའི་རྒྱུ་མཚན་ཡང་།ང་ཚོ་སྡུག་བསྔལ་ལས་ཐར་རྒྱུའི་ངེས་པ་དང་རེ་བ་ཡོད་པར་ཐུག་ཡོད།བདག་ཅག་གི་སྟོན་པས་ཐོག་མར་སྡུག་བསྔལ་བདེན་པ་གསུངས་པའི་དམིགས་ཡུལ་ཡང་།ང་ཚོས་འཁོར་བའི་སེམས་ཅན་ལ་ཡོད་པའི་སྡུག་བསྔལ་ངོ་ཤེས་པའི་ཆེད་དུ་ཡིན་ངེས་ལ།སྡུག་བསྔལ་ལ་ངོས་འཛིན་ཇི་ལྟར་གཏིང་ཇེ་ཟབ་དང་འཐུས་ཇེ་ཚང་དུ་སོང་ན།དམ་པའི་ཆོས་ལ་བློ་འཇུག་པ་དང་།རྒྱུ་འབྲས་ལ་ཡིད་ཆེས་པ་དང་།སེམས་ཅན་ལ་བྱམས་སྙིང་རྗེ་སྐྱེ་བ་སོགས་ལམ་གྱི་ཡོན་ཏན་ཐམས་ཅད་ཀྱི་རྟེན་གཞི་ཡིན་པས།སོ་སོ་ལ་བདེ་ལྡན་སྡུག་བྲལ་གྱི་ཐབས་ལ་བརྩོན་པའི་སྐུལ་མའང་ངང་གིས་ཐེབས་ཡོང་།

མི་རྟག་པ་སངས་རྒྱས་ཀྱིས་གསར་གཏོད་མིན།

དེ་ལྟར་ན་ཡང་བདེ་སྡུག་གཉིས་ཀ་རྒྱུ་མེད་ལས་ཡོང་བ་མ་ཡིན་པར་འགྲུབ་བྱེད་ཀྱི་རྒྱུ་རྐྱེན་སོ་སོ་ཡོད་དེ།བདག་ཅག་གི་སྟོན་པས།སྡུག་བསྔལ་གྱི་རྩ་བའི་འབྱུང་རྐྱེན་ནི་དུས་ཡུན་ཤིན་ཏུ་རིང་པོར་རང་ཉིད་དང་།རང་ཉིད་ལས་ལོགས་སུ་གྱུར་པའི་ཕྱི་རོལ་གྱི་བྱ་དངོས་སྒྱུ་མ་ལ་བདེན་བཟུང་གི་ངོས་འཛིན་ལོག་པ་བྱས་པས་ཡིན་ཞེས་གསུངས་ཡོད།མ་གཞི་འཇིག་རྟེན་གྱི་བྱ་དངོས་མཐའ་དག་ཕྱི་ནང་གི་རྐྱེན་གྱི་སྐྱེ་འགག་ལ་བརྟེན་ཏེ་གྲུབ་ཡོད་དུས།དེ་དག་ལ་བརྟན་བརླིང་གི་རང་བཞིན་མེད་པས།ནང་ཆོས་ཀྱི་སྐད་དུ་དེ་ལ་བདག་མེད་པ་དང་མི་རྟག་པ་ཞེས་བཏགས་ཡོད།མི་རྟག་པ་ནི་སངས་རྒྱས་ཀྱིས་གསར་གཏོད་བྱས་པ་མ་ཡིན་ལ།དེ་ནི་མི་རྣམས་ཀྱིས་རྟོགས་པར་སླ་ཡང་སྣང་མེད་དུ་འཕངས་པའི་བདེན་དོན་ཞིག་ཁོང་གིས་གསལ་སྟོན་བྱས་པ་ཙམ་རེད།


ནང་དོན་འོག་མ།དགུ་པ།