བཞི་གཅིག་བཞིའི་ཟིན་ཐོ།


  བདག་ཅག་གི་སྟོན་པ་བཀའ་དྲིན་ཅན་ལ་ཕྱག་འཚལ་ལོ། །

  སྙིང་རྗེའི་དབང་ཕྱུག་འཕགས་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །

  མཚུངས་མེད་བླ་མ་སྐྱབས་རྗེ་ཡིད་བཞིན་ནོར་བུ་ལ་ཕྱག་འཚལ་ལོ། །

  ཟླ་བ་བཞི་པའི་ཚེས་བཅུ་བཞི་ཉིན་ཡུལ་ཤུལ་ལ་ས་འགུལ་གྱི་དོན་རྐྱེན་བྱུང་བ་ཚུན་ཆད། སློབ་མ་འགའ་རེས་རྒྱུ་མཚན་ཅི་ལ་ཆག་སྒོ་བསྟུད་མར་འབྱུང་བ་དང་། ཅིའི་ཕྱིར་ནང་ཆོས་དར་རྒྱས་ཆེ་བའི་ས་ཕྱོགས་སུ་ཡང་ཆག་སྒོ་འབྱུང་བ་རེད། སྐབས་འདིར་ནང་ཆོས་ཀྱི་ནུས་མཐུ་གང་དུ་ཡོད་དམ། ཅིའི་ཕྱིར་ནང་ཆོས་ཉམས་ལེན་བྱས་ན་ཡང་གོད་ཆག་ལས་གཡོལ་མི་ཐུབ་པ་རེད་ཅེས་སོགས་དྲི་བ་མི་ཉུང་བ་ཞིག་ང་ལ་བཀོད་བྱུང་། དྲི་བ་དེ་དག་ལ་ངས་འཕྲལ་མར་དྲིས་ལན་གང་ཡང་མ་བྱིན། གཅིག་ནས། དེའི་སྐབས་ད་རུང་ས་འགུལ་ཁྲོད་འདས་གྲོངས་སུ་སོང་བ་དག་ལ་བསྔོ་སྨོན་དང་འདས་མཆོད་ཀྱི་སྐབས་ཡིན་པས། ངའི་རེ་བ་ལ་ཀུན་གྱིས་བློ་རྩེ་གཅིག་གཏད་ཀྱིས་ཚེ་འདས་དག་ལ་བསྔོ་སྨོན་བྱེད་རྒྱུ་དང་། གཉིས་ནས་དྲི་བ་འདི་དག་ཚིག་ཀ་རེ་ཟུང་གིས་ལན་ཐེབས་པ་ཞིག་ཀྱང་མ་རེད། དེ་རིང་འདི་ནས་ཁོམ་སྐབས་དང་བསྟུན་ལན་སྟབས་བདེ་ཞིག་འབུལ་རྒྱུ་ཡིན་པས། དྲི་བ་འགོད་མཁན་ཚོའི་སེམས་ཀྱི་དོགས་པ་སེལ་ཐུབ་པའི་སྨོན་འདུན་ཞུ།

  ང་ཚོས་འདུས་བྱས་ཐམས་ཅད་མི་རྟག་པ་ཡིན་ཚུལ་ཐོས་ནའང་། དོན་དག་མཐའ་དག་ལ་འགྱུར་བ་འགྲོ་བཞིན་ཡོད་པ་དང་། མི་ཚེའང་ཐོབ་ཤོར་གྱི་ར་བ་གཉིས་ལས་གཡོལ་དུ་མེད་པའི་གནས་ལུགས་ལ་ངེས་ཤེས་ཡང་དག་མ་སྐྱེས་པས། འདི་ལྟར་གཏུམ་དྲག་གིས་མི་རྟག་པའི་རང་མདངས་གསལ་བོར་སྟོན་པ་ལ་དང་ལེན་ཐུབ་དཀའ་བ་ཡིན། རྒྱུ་མཚན་ཡང་འདུ་འབྲལ་དང་འཆི་བ་ལྟ་བུའི་ཛ་དྲག་གི་སྡུག་བསྔལ་ལ་གདོང་གཏུག་བྱེད་ཚེ། ད་གཟོད་མི་རྟག་པ་ལ་མཉམ་འཇོག་བྱེད་པ་ལས་རྒྱུན་ལྡན་ཐུབ་ཀྱི་མེད།

  གཅིག་བྱས་ན་དད་པ་དང་དག་སྣང་རྒྱུད་ལྡན་གྱི་མི་མང་པོས། གཟུངས་སྔགས་སོགས་དཀོན་མཆོག་གི་ནུས་པས་གནོད་འཚེ་མཐའ་དག་ལས་གཡོལ་ས་ལོས་རྙེད་དྲན་གྱིན་ཡོད་ས་རེད། ཡིན་ནའང་སངས་རྒྱས་ཀྱིས་ཆོས་རྣམས་ཐམས་ཅད་སྒྱུ་མ་དང་རྨི་ལམ་ལྟ་བུ་ཡིན་པ་དང་། རྒྱུ་རྐྱེན་རྟེན་འབྲེལ་ལས་གྲུབ་པ་ཡོད་ཚད་ཅིས་ཀྱང་འགྱུར་བའི་རང་བཞིན་ཅན་ཡིན་པས། ཐམས་ཅད་མི་རྟག་པ་ལས་མ་འདས་པའི་གནས་ལུགས་རྟོགས་པའི་རེ་བ་བཏོན་ཡོད། འདུལ་བ་ལུང་ལས། ངའི་འཁོར་བུམ་པ་བཟང་པོ་ལྟ་བུ། དགེ་སློང་ཤྭ་རིའི་བུ་དང་། མོངྒལ་གྱི་བུ་དང་འདྲ་བ་བརྒྱ་ལ་གདུགས་ཚོད་ཡོན་དང་བཅས་པ་བྱིན་པ་བས། འདུས་བྱས་མི་རྟག་པ་སྐད་ཅིག་མ་གཅིག་ལ་དྲན་པ་མཆོག་ཡིན་ནོ་ཞེས་ཀྱང་གསུངས།

  སངས་རྒྱས་ཁོང་རང་ཉིད་ཡིན་རུང་། ན་བ་དང་རྒ་བ། དགོངས་པ་རྫོགས་པའི་ཚུལ་མཛད་ཅིང་། དེ་བཞིན་དུ་མངོན་ཤེས་དང་རྫུ་འཕྲུལ་གྱིས་འབྱུང་བཞི་ལ་དབང་འབྱོར་ཞིང་། གནོད་འཚེ་ཀུན་ལས་ཐར་བའི་སྐྱེས་ཆེན་དམ་པ་རྣམས་ཀྱིས་ཀྱང་། རེ་རེ་བཞིན་སྐུ་མྱ་ངན་ལས་འདས་པའི་ཚུལ་བསྟན། ཆོས་ཀྱི་འབྱུང་གནས་དཔལ་ནཱ་ལེནྡྲ་ཡང་ཕྱིས་སུ་མུ་སྟེགས་པས་བཟུང་ནས་ད་ལྟ་གྱང་ཤུལ་ཙམ་ལས་ཅི་ཡང་ལུས་མེད། དེ་ནས་ཨོ་རྒྱན་རིན་པོ་ཆེ་དངོས་ཀྱིས་རབ་གནས་མཛད་པའི་བསམ་ཡས་གཙུག་ལག་ཁང་ཡང་ཉིན་གཅིག་གིས་མེ་ལ་ཤོར་བ་དང་། གནའ་བོའི་རྒྱ་གར་གྱི་ཆོས་རྒྱལ་མྱ་ངན་མེད་ཀྱིས་བཞེངས་པའི་བརྗིད་ཆགས་དང་གསོན་ཉམས་འབར་བའི་མཆོད་རྟེན་རྣམས་ཀྱང་རིམ་གྱིས་མེད་པར་གྱུར་པས་ཐམས་ཅད་མི་རྟག་པ་འབའ་ཞིག་ཡིན།

  མི་ལ་ལས་ཐེངས་འདིའི་ས་འགུལ་བྱུང་སའི་གནོད་ཐེབས་ས་ཁུལ་གྱི་བོད་མི་རྣམས་ཀྱིས། མི་ཤི་ཁྱིམ་འཐོར་གྱི་སྡུག་བསྔལ་ལ་གདོང་གཏུག་བྱེད་སྐབས། སྐྱོ་གདུང་གི་རྣམ་པ་གཞན་དང་མི་འདྲ་བ་ཞིག་མངོན་འདུག་ཟེར། དེ་ནི་ངུ་འབོད་དང་འུར་སྒྲ་ཉུང་བ་སྟེ། ལམ་འགྲམ་གྱི་གྱང་རོ་ཞིག་རལ་སོགས་ལ་བལྟས་པ་ཡིན་ན་ས་འགུལ་ད་ལྟ་ཐོན་པའི་རྣམ་པ་མངོན་ཡང་། གྲོང་རྡལ་གྱི་མཁའ་དབུགས་ནི་ལྷིང་འཇགས་ཡིན། མི་རྣམས་ཀྱིས་ཧུར་ཐག་གི་སྒོ་ནས་མྱུར་སྐྱོབ་ཀྱི་ལས་ལ་འབད་ཀྱིན་ཡོད་པ་དང་། དེའི་ཁྲོད་ནས་བྱིས་པ་ཆུང་ཆུང་ཞིག་གིས་ཀྱང་རང་གི་ནུས་པ་ལ་བརྟེན་ནས། གྱང་རོའི་ཁ་འོག་ན་གླེབས་པའི་ཨ་ཕྱི་རྒན་མོའི་སྲོག་བསྐྱབས་པའི་གནས་ཚུལ་འདུག རང་གི་ཁྱིམ་ཚང་ལ་ཆག་སྒོ་བྱུང་སྟེ་གཟའ་མི་དང་ཁང་ཁྱིམ་སོགས་ཡོད་ཚད་ས་རྡུལ་གྱི་ཀློང་དུ་ཐིམ་ཚར་ཡང་། ད་རུང་གསོན་པོར་གནས་མཁན་རྣམས་གྲོགས་པོ་གཞན་དག་ལ་རོགས་བྱེད་དུ་འགྲོ་བཞིན་ཡོད།

  ལོ་ན་བཅུ་གཅིག་ཅན་གྱི་བུ་ཆུང་ཞིག་དང་ལོ་ངོ་གསུམ་ལས་མ་ལོན་པའི་ནུ་མོ་སྙིང་རྗེ་གཉིས་དྭ་བུར་ལུས་ཀྱང་། ཕུ་བོ་དེས་རྨས་སྐྱོན་ཐེབས་པའི་ནུ་མོ་ལ་བདག་སྐྱོང་དང་། རྩེད་མོ་རྩེ་རོགས། གཉིད་ཡུར་དུ་འཇུག་རོགས་སོགས་བྱེད་ཅིང་། ད་རུང་ཁོས་བློ་ཐབས་ཡོད་དགུས་ནུ་མོ་ཁ་གསོ་རྒྱབ་འགེབས་བྱེད་དགོས་ཟེར། ནུ་མོ་དང་གཉིས་ཀྱིས་ཁྱིམ་གྱི་ཁང་ཤུལ་ནས་ཨ་མ་ཆེས་དགའ་སའི་འགྱིག་གི་མེ་ཏོག་ཅིག་བསློགས་ནས། རང་གི་ཨ་མ་འཇིག་རྟེན་ཁ་ཁ་ཞིག་ན་བདེ་བར་འཚོ་ཞིང་བཞུགས་པའི་རེ་སྨོན་བྱེད་ཀྱིན་འདུག་ཟེར།

  ད་རུང་ས་འགུལ་ཁྲོད་ས་འོག་ཏུ་གླེབས་ནས་ཆུ་ཚོད་བཅུ་ཙམ་འགོར་བའི་བུ་མོ་ཆུང་ཆུང་ཞིག་ཡར་སྐྱོབ་པའི་སྐབས་སུ། མོས་སྲོག་སྐྱོབ་རུ་ཁག་ལ་ཁྱོད་ཚོར་ཅ་ཟིང་པོ་བཟོས་སོང་། ངས་མི་ཚེ་གཅིག་ལ་ཡང་དྲིན་ལན་མི་བརྗེད་ཅེས་བཤད་པ་རེད། མི་མང་པོ་ཞིག་བུ་མོ་ཆུང་ཆུང་དེའི་སྐད་ཆས་སེམས་འགུལ་ཐེབས་སུ་བཅུག་ཡོད། གནས་ཚུལ་དེ་འདྲའི་འོག་ནས་ཀྱང་། བུ་མོ་སྙིང་རྗེ་དེས་རང་གི་ཡ་ང་བའི་གནས་ཚུལ་དག་མ་གླེང་བར། ཁེངས་སྐྱུང་ཆེན་པོས་གཞན་པ་ལ་སེམས་གཏིང་གིས་བཀའ་དྲིན་ཞུས་པ་དེ་ནི་ཅི་འདྲའི་ཡིད་དུ་འོང་བ་ཞིག་རེད།

  ཁྱིམ་ཚང་མང་པོས་རྐྱེན་ལམ་དུ་ཤོར་བའི་ཚེ་འདས་དག་གི་དོན་ལ། སོ་སོས་སྦྲ་གུར་གྱི་ཁ་འོག་ནས་ལྷིང་འཇགས་ངང་དགེ་བ་སྒྲུབ་པ་ལས། འགྲམ་གྱི་མི་གཞན་པ་དག་ལ་ཟིང་ཆ་བསླངས་མེད། ནང་ཆོས་ཀྱི་ཤུགས་རྐྱེན་བཟང་པོས། མཐོ་སྒང་ན་འཚོ་གནས་བྱེད་པའི་མི་མང་པོ་ཞིག་གིས་སྣང་དོགས་མེད་པའི་ཐོག་ནས། མི་རྟག་པ་དང་ལེན་བྱེད་ཐུབ་པའི་གནས་ཚུལ་དེས། སེམས་ཁམས་རིག་པ་སོགས་ཆེད་ལས་མི་སྣ་མང་པོ་ཧ་ལས་སུ་བཅུག་ཡོད།

  སྔོན་སངས་རྒྱས་འཇིག་རྟེན་ན་ཞལ་བཞུགས་དུས། བུད་མེད་ཅིག་གིས་རང་གི་ཕྲུ་གུ་ཤི་བས། སེམས་རབ་ཏུ་སྐྱོ་ནས་ཕྱོགས་ཐམས་ཅད་ལ་ཕྲུ་གུ་ཡར་སོས་བྱེད་ཀྱི་སྨན་ཨེ་ཡོད་དྲིས་ནས་སོང་མཐར། མོ་རང་སྟོན་པ་དང་ཕྲད་ནས་ཞུས་པས། སྟོན་པས་ནད་འདི་བཅོས་པ་ལ་མི་ཤི་མ་མྱོང་བའི་ཁྱིམ་ཚང་ཞིག་ནས་ཡུངས་འབྲུ་ཉུང་ཙམ་ཞིག་བསླང་ཤོག་ཅེས་གསུངས། དེ་དགའ་ནས་ཁྱིམ་ཚང་རེ་རེ་བཞིན་དུ་རྩད་བཅད་ཀྱང་། མི་ཤི་མ་མྱོང་བའི་ཁྱིམ་ཚང་ཞིག་ཡེ་ནས་མ་རྙེད་པས། མོས་ད་གཟོད་ཁྱིམ་མི་ཤི་བའི་སྡུག་བསྔལ་ནི་མོ་ཁོ་ནས་མྱོང་གི་མེད་པ་གསལ་པོར་ཤེས་ནས། ཡང་བསྐྱར་སངས་རྒྱས་ཀྱི་མདུན་དུ་སླེབས་དུས། སངས་རྒྱས་ཀྱིས་སྙིང་བརྩེ་བ་ཆེན་པོས། ཁྱོད་ཀྱིས་རང་གཅིག་པུས་སྡུག་བསྔལ་མྱོང་གི་ཡོད་པར་འདོད་ཀྱང་། དོན་དངོས་སུ་དེ་ལྟར་མ་ཡིན་པའི་ཚུལ་གསུངས་པ་ལྟ་བུ་རེད།

  འཆི་བ་མི་རྟག་པ་འཕྲད་དུས། འཆི་ལུགས་ཀྱི་རྣམ་པ་གང་འདྲ་ཡིན་ཡང་། ཕལ་ཆེར་རང་ལུས་བདག་སྐྱོང་མི་ཐུབ་མཁན་དང་། འཇིགས་སྐྲག་ཆེན་པོ་སྐྱེ་མཁན་ཤ་སྟག་རེད་འདུག ཁོ་ཚོ་ལ་ཡོད་པའི་རིག་གནས་དང་ལག་རྩལ། བསམ་བློ་ཚང་མས་ཚེ་འདིའི་གནད་དོན་རེ་ཟུང་ཐག་གཅོད་ཐུབ་པ་ལས། འཆི་བ་ནི་ཅི་ཞིག་ཡིན་པ་དང་། དེ་ལ་ཇི་ལྟར་གདོང་ལེན་དགོས་པ་སོགས་གནད་དོན་གལ་ཆེན་དག་ལ་བསམ་བློ་བཏང་བ་ཤིན་ཏུ་ཉུང་།

  ན་ནིང་དཔྱིད་ཀར། རྩྭ་ཤུལ་དགོན་ནས་ང་རང་བླ་རྒན་རི་རྒྱལ་དང་ཐུག་བྱུང་། ཁོ་ལོ་བརྒྱད་ཅུ་རེད་ཀྱང་ད་རུང་ཆོས་ཉམས་ལེན་ལ་འབད་པ་དེ་ཙམ་བྱེད་ཀྱིན་མི་འདུག ཁོ་རང་སྤྲུལ་སྐུ་བསོད་རྒྱའི་ཚ་བོ་ཡིན་རྒྱུ་དེས། འཆི་བ་ལ་སེམས་ཁུར་བྱེད་མི་དགོས་དྲན་གྱིན་ཡོད་ས་རེད། སྐབས་དེར་ངས་ཁོ་ལ་ངེས་པར་དུ་དུས་ཚོད་དམ་འཛིན་གྱིས་ལ་འཆི་ཆོས་རེ་ཨེ་འགྲུབ་ལྟོས་ཞེས་བཤད་པ་ཡིན། ལོ་དེའི་སྟོན་ཁར་ཁོ་རང་ཚེ་ཕྱི་མའི་འཕྲང་ལམ་ལ་ཆས་སོང་བ་ལྟ་བུ་རེད།

  ཆོས་ཉམས་ལེན་རྣལ་མ་སྒྲུབ་པ་དག་གིས་འཆི་བ་ཡང་གསོན་པ་ལྟ་བུའི་ཁ་ལོ་བསྒྱུར་ཐུབ། དེ་ལས་ལྡོག་སྟེ་སྤྱིར་བཏང་གི་མི་ཚོས་འཆི་བའི་ཛ་དྲག་གི་སྡུག་བསྔལ་མྱོང་བ་དང་། འཇིགས་སྐྲག་གིས་ཅི་བྱེད་མེད་པར་གྱུར་ནས། བར་དོའི་འཆར་རིམ་རྣམས་ནོར་ཞིང་ལོག་ལམ་དུ་སོང་སྟེ་ཐར་བ་བགྲོད་པའི་གོ་སྐབས་འཆོར་བཞིན་ཡོད།

  ཐེངས་འདིའི་ས་འགུལ་གྱི་རྗེས་སུ། གསོན་པོ་རྣམས་ཀྱིས་ཐོག་མར་བསམ་བློ་གཏོང་ས་དེ་རང་ཉིད་ལ་སྡུག་བསྔལ་ཅི་ཡོད་དང་། རྗེས་ཕྱོགས་ཇི་ལྟར་འཚོ་བ་རོལ་དགོས་པ་སོགས་མ་ཡིན་པར་ཚེ་འདས་དག་ལ་དགེ་བའི་ལས་སྒྲུབ་པ་དེ་རེད། དེས་ན། ཡང་དག་པའི་སངས་རྒྱས་ཀྱི་བཀའ་གསུང་རྣམས་རང་སེམས་ཀྱི་དབྱིངས་སུ་འདྲེས་པར་བྱས་ན། ཡུན་ཐུང་གི་མི་ཚེ་འདི་ལ་སྔར་ལས་ཀྱང་སོས་དལ་དང་བདེ་སྐྱིད་ལྡན་པ་ཡིན།

  དོན་དག་ཡོད་ཚད་རྒྱུ་འབྲས་ཀྱི་འབྲེལ་བ་དུ་མས་ཐུན་མོང་དུ་བསྐྱེད་པ་ཡིན་ཡང་། བསྐྱེད་ཚུལ་ཞིབ་ཚགས་ཤིག་ང་ཚོས་འགྲེལ་བཤད་མི་ཐུབ་པའི་དབང་གིས། རང་ཤུགས་ཀྱིས་རྒྱུ་འབྲས་ཀྱི་རྣམ་གཞག་གཤའ་མ་ཞིག་ཡོད་མེད་ལ་དོགས་པ་ཟ་སྲིད། འོན་ཀྱང་རྒྱུ་འབྲས་ཀྱི་རྣམ་གཞག་ཕྲ་ཞིང་ཞིབ་པ་ནི། སངས་རྒྱས་ལས་གཞན་སུས་ཀྱང་མི་ཤེས། སྔོན་ཆད་ལམ་ཕྲན་བསྟན་ཟེར་བའི་སློབ་མ་ཞིག་ཡོད། དེས་ཐོག་མར་རབ་བྱུང་བསྒྲུབས་དུས་དགྲ་བཅོམ་པ་རྣམས་ཀྱིས་སྒོ་བཀག་སྟེ་སངས་རྒྱས་ཀྱི་སྐུ་མདུན་དུ་མ་བཏང་། སངས་རྒྱས་ཀྱིས་དེ་དག་ལ་རྒྱུ་མཚན་དྲིས་ཚེ། ཁོ་ལ་ཐར་བའི་ས་བོན་མི་འདུག་ཅེས་ལན་བཏབ། དེ་ལ་སངས་རྒྱས་ཀྱིས་སྔོན་ཁོ་རང་ཁྱི་ཞིག་གི་ལུས་བླངས་སྐབས། སྟེས་དབང་གིས་ང་ལ་བསྙེན་བཀུར་ཞིག་བྱས་མྱོང་བས། ཚེ་འདིར་ང་དང་འགྲོགས་ནས་ཆོས་སྒྲུབ་པའི་སྐལ་བ་ཐོབ་པ་ཡིན་ཞེས་གསུངས།

  འཛམ་གླིང་ལས་ཀྱི་ས་པ་ཞེས་གསུངས་པ་ནང་བཞིན། འདི་རུ་སྐྱེས་པའི་སེམས་ཅན་ཕལ་ཆེར་ཞིག་སྔོན་མའི་ལས་ཀྱིས་སྐྱེ་བ་ཡིན་པས། ཚེ་འདིར་འཕྲད་པའི་བདེ་སྡུག་ཐམས་ཅད་ད་རེས་ཀྱི་ལུས་ངག་གི་བྱ་སྤྱོད་ལ་འབྲེལ་བ་ཡོད་པར་མ་ཟད། སྔོན་གྱི་ལས་ལའང་རག་ལས་ཡོད། ཡིན་ན་ཡང་། དུས་ཚོད་རིང་ཐུང་གི་ཁྱད་པར་ཙམ་མ་གཏོགས་ལས་ཀྱི་འབྲས་བུ་ལ་ནམ་ཡང་ཡལ་བ་མེད། སྔོན་མཉན་ཡོད་ཀྱི་གྲོང་ཁྱེར་ནས་འཕགས་སྐྱེས་པོ་རྣམས་ཀྱིས་ཤཱཀྱའི་རིགས་རྒྱུད་ལ་དཔུང་འཇུག་བྱས་ཤིང་མི་མང་པོ་བསད། རྫུ་འཕྲུལ་མཆོག་དང་ལྡན་པ་མོོའུ་འགལ་གྱི་བུས་ཤཱཀྱ་པ་རྣམས་སྐྱོབ་པའི་དོན་དུ། སྒམ་ཞིག་གི་ནང་དུ་གནམ་ལ་དཔྱངས། དཔུང་འཇུག་མཚམས་བཞག་རྗེས་སྒམ་གྱི་ཁ་ཕྱེས་པ་ན་གཅིག་ཀྱང་གསོན་པོར་ལུས་མེད། དཔེ་དེ་བཞིན་དུ་རྣམ་སྨིན་ཐོག་ཏུ་བབ་ཚེ་ཐབས་གང་གིས་ཀྱང་བཟློག་པར་མི་ནུས། མ་ཟད་སངས་རྒྱས་དང་དགྲ་བཅོམ་པ་ཡིན་ཡང་། རྣམ་སྨིན་མྱོང་བའི་ཚུལ་གསུངས་ཏེ། འཕགས་སྐྱེས་པོའི་དམག་དཔུང་གིས་ཤཱཀྱའི་རིགས་ཁ་བཏགས་པའི་སྐབས་དེར་སངས་རྒྱས་དབུ་བསྙུངས་པ་ན། སྐབས་དེར་སློབ་མ་རྣམས་ཀྱིས་རྒྱུ་མཚན་དྲིས་ཚེ། བཅོམ་ལྡན་འདས་ཀྱིས་འདི་སྐད་དུ་ལན་བཏབ།

  དེ་ཡང་སྔོན་ཤཱཀྱའི་རིགས་ཉ་བདའ་བ་ལ་བརྟེན་ནས་འཚོ་བ་རོལ་མཁན་ཞིག་ཡིན། ཉིན་ཞིག་ལ་ཉ་ཆེན་པོ་གཉིས་བཟུང་ནས་དེ་མ་ཐག་མ་བསད་པར་ཤིང་སྡོང་ལ་དཔྱངས་ནས་བཞག དེ་གཉིས་མི་གཟོད་པར་འཕག་འཚག་བྱེད་ཅིང་འཁོན་ལན་ལེན་པའི་སྨོན་ལམ་བཏབ། ཕྱིས་སུ་དེ་གཉིས་རྒྱལ་པོ་འཕགས་སྐྱེས་པོ་དང་བློན་ཆེན་མ་ལ་གནོད་གཉིས་སུ་སྐྱེས་ཤིང་། དེ་དང་མཉམ་དུ་བསད་པའི་ཉ་གཞན་དག་ཁོ་གཉིས་ཀྱི་དམག་དཔུང་དུ་གྱུར་ནས། ང་ཚོ་ལ་འཁོན་ལན་སློག་ཏུ་ཡོང་བ་རེད། སྐབས་དེར་ང་རང་ཉ་པ་ཞིག་གི་བྱིས་པ་ཡིན་པས། ངས་ཉ་དེ་གཉིས་འཕག་འཚག་བྱེད་པ་མཐོང་དུས་གད་མོ་ཞིག་ཤོར་སོང་། དེའི་རྣམ་སྨིན་གྱིས་དེ་རིང་ང་རང་མགོ་གཟེར་བ་རེད། གལ་ཏེ་ངས་སངས་རྒྱས་ཀྱི་འབྲས་བུ་འདི་ལྟ་བུ་ཐོབ་མེད་ན་ང་ཡང་ཁོ་ཚོ་དང་མཉམ་དུ་གསད་པར་འགྱུར་བ་ཡིན་ཞེས་གསུངས།

  ཐེངས་འདིའི་ས་འགུལ་གྱི་སྐབས་སུ། ངས་གོ་ཐོས་སུ་སྡེ་དགེའི་ཚོང་པ་ཞིག་ཡུལ་ཤུལ་དུ་ཁྱིམ་གཞི་ཆགས་ཡོད། ནམ་གུང་ཆུ་ཚོད་གསུམ་པའི་ཐོག་ནས་ཁྱིམ་ལས་ཕྱིར་སོང་སྟེ་མགྲོན་ཁང་དུ་སྡོད་སར་སོང་བ་རེད་ཟེར། ས་འགུལ་གྱི་རྗེས་སུ་ཁོ་རང་གི་ཁང་པ་དང་ཁྱིམ་མི་ལ་གནོད་སྐྱོན་ཅི་ཡང་བྱུང་མེད་ཀྱང་། རྣམ་སྨིན་ཐོག་ཏུ་བབ་ཚེ་བཅོས་སུ་མེད་ཅེས་གསུངས་པ་ལྟར་ཁོ་རང་ཉིད་མགྲོན་ཁང་གིས་བཅུར་ནས་བསད་ཚར་འདུག ཚོང་པ་དེའི་ནུ་མོས་ས་ཡོམ་གྱིས་རང་གི་བྱིས་པ་གནོད་སྐྱོན་བཟོ་བར་སྐྲག་ནས། བྱིས་པ་ཕ་ཡུལ་སྡེ་དགེ་ལ་བསྐྱལ་རྒྱུའི་གཏན་འཁེལ་བྱས། བསམ་ཡུལ་ལས་འདས་པ་ཞིག་ལ། འགྲོ་ཁར་གཉེན་ཉེ་ལ་བདེ་མོ་འཇོག་པའི་མཚམས་སུ། སྟབས་མ་ལེགས་པར་བྱིས་པ་རླངས་འཁོར་གྱིས་བརྫིས་ནས་བསད་སོང་བ་རེད་ཟེར། དེ་ལྟ་བུའི་གཏམ་རྒྱུད་ནི་ད་རུང་ཤིན་ཏུ་མང་།

  ང་ཚོའི་ལས་ལས་འབྲས་བུ་བསྐྱེད་ལ་འབྲས་བུ་དེས་ཡང་བསྐྱར་ང་ཚོའི་ལས་སྣ་ཚོགས་བསྐྱེད་པ་ཡིན། དེ་ལྟར་རྒྱུ་ཡི་རྗེས་སུ་འབྲས་བུ་དང་འབྲས་བུའི་རྗེས་སུ་རྒྱུ་བྱས་ནས་སྔ་ཕྱི་ཟམ་མི་ཆད་པའི་ནུས་པ་རླབས་ཆེན་ཞིག་གྲུབ་ནས། རྒྱུ་རྐྱེན་གསར་པ་ཚོ་རྒྱུ་འབྲས་ཀྱི་ཆུ་རྒྱུན་རིང་མོ་དེར་ཐིམ་འགྲོ། མི་འགའ་རེས་ཚེ་འདིར་ཆོས་ཡག་པོ་བསྒྲུབས། སྟོང་ཉིད་ཀྱི་དོན་ཟབ་མོར་བརྩོན་པས། མ་གཞི་ཚེ་རབས་རྗེས་མར་མྱོང་དགོས་པའི་རྣམ་སྨིན་ཚབས་ཆེན་ཚེ་འདིར་སྨིན་ནས། ཚེ་རབས་རྗེས་མར་མྱོང་མི་དགོས་པར་འགྱུར་བའང་ཡོད། གལ་ཏེ་གཉེན་པོའི་རྒྱུ་རྐྱེན་ལ་ནུས་པ་ཚོགས་ན། ལས་ཀྱི་ཁ་ཕྱོགས་ཧྲིལ་པོ་བསྒྱུར་མི་ནུས་པ་ཡང་མ་ཡིན་ཏེ། དཔེར་ན། རྗེ་བཙུན་མི་ལས་ཐོག་མར་སྡིག་པ་ཚབས་ཆེན་བསགས་པས། འགྲོ་ས་དམྱལ་བ་ལས་མེད་པ་ལྟ་བུ་ཡིན་ན་ཡང་། རྗེས་སུ་ཁོང་གིས་བློ་ཡུལ་ལས་འདས་པའི་སྙིང་སྟོབས་དང་འགྱུར་མེད་ཀྱི་ཆོད་སེམས་བརྟན་པོས། ཚེ་གཅིག་ལུས་གཅིག་གིས་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་མངོན་དུ་བྱས་པ་ལྟ་བུ་རེད།

  སྤྱིར་སྡུག་བསྔལ་མྱོང་བ་དང་འཆི་བ་བྱུང་བ་ཡོད་ཚད་རྒྱུ་མེད་རྐྱེན་མེད་དང་། ཁོ་ཚོས་རང་སྡུག་རང་གིས་ཉོས་པ་རེད་ཀྱང་དྲན་མི་ཉན། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི། འཆི་བ་དང་སྡུག་བསྔལ་སོགས་དམིགས་བསལ་གྱི་བྱེད་ཐབས་སྤྱད་དེ། མི་རྟག་པའི་གནས་ལུགས་གསལ་སྟོན་བྱེད་བཞིན་ཡོད་ངེས་ལ། འགའ་རེ་ནི་ཚོགས་བསགས་སྒྲིབ་སྦྱོང་ཡག་པོ་བྱས་པའི་མཐུ་ཡིས། སྔོན་བསགས་ཀྱི་འབྲས་བུ་ངན་པ་ཚེ་འདིར་སྨིན་ནས་མནར་བ་ལྟ་བུ་དང་། ཡང་འགའ་རེ་ཞིང་ཁམས་གཞན་པར་འགྲོ་བའི་རྒྱུ་ཚོགས་ཚང་ཚར་བ་ལྟ་བུ་ཡང་ཡོད་ངེས་པ་ཡིན་ན། དེ་བས་འཇིག་རྟེན་གྱི་སྣང་ཚུལ་ནི་ཅི་འདྲའི་ཟབ་ཅིང་ཉོག་པས། ང་ཚོས་ཅིས་ཀྱང་ཁེངས་སྐྱུང་རྒྱུན་འཁྱོངས་དང་། བདེན་ལུགས་རྩད་གཅོད་ཀྱི་སྤྲོ་བ་སྐྱེད་སྲིང་བྱེད་དགོས།

  ང་ཚོ་འཚོ་གནས་ཀྱི་གོ་ལ་འདིར་ཕལ་ཆེར་རང་བྱུང་གནོད་འཚེ་དང་མི་བཟོས་གནོད་འཚེ་གཉིས་རྒྱུན་ཆད་མ་མྱོང་བ་འདྲ་སྟེ། ཚགས་པར་དང་བརྙན་འཕྲིན་ལ་བལྟས་ཚེ། ཉི་མ་རེ་རེ་བཞིན་གོད་ཆག་དང་འགལ་བ། བཙན་བཅོམ། གཡེམ་སྦྱོར། གཡོ་ལེན་སོགས་ཀྱི་ཆ་འཕྲིན་རྒྱུན་ཆད་མེད་པར་མཐོང་ཐུབ་པ་དང་། དེ་ལ་བརྟེན་ནས་ཉིན་རེ་བཞིན་ཚེ་ལས་འདས་པ་དང་། སྡུག་བསྔལ་མྱོང་མཁན་བྱུང་དང་འབྱུང་གིན་ཡོད་ན་ཡང་། ང་ཚོས་ནམ་ཡང་རང་ཉིད་ཆག་སྒོའི་ཉེ་སར་ཐོན་དུས། ད་གཟོད་གནད་དོན་དེའི་ཚབས་ཆེན་རང་བཞིན་ཤེས་པ་ལས་རྒྱུན་ལྡན་དེ་ལྟར་མི་སེམས། རྒྱུན་པར་ང་ཚོས་རང་ཉིད་དང་ཁོར་ཡུག་གི་མི་རེ་ཟུང་ངམ། དོན་ཁ་ཤས་ལ་སེམས་ཁུར་བྱེད་ཀྱིན་ཡོད་པ་ལས་གཞན་དག་ལ་གསར་འགྱུར་ཙམ་ལས་གང་ཡང་མི་བརྩི། དེ་འདྲའི་རང་ཉིད་དང་གཞན་དག་གཉིས་བར་འབྲེལ་བ་མེད་པར་འདོད་པའི་ལོག་ཤེས་དེས། མིའི་སེམས་ཀྱི་འགན་འཁྲིའི་འདུ་ཤེས་ཇེ་ཞན་དུ་བཏང་ནས། རང་ལ་མི་གཞན་དང་སྤྱི་ཚོགས་སོགས་ལ་འགན་ཅི་ཡང་མེད་པའི་སྣང་བ་བསྐྲུན་ཡོང་།

  ཁོར་ཡུག་གི་གནད་དོན་ནི་ད་ཡོད་ཀྱི་དཔེར་མཚོན་ཞིག་ཏུ་གྱུར་འདུག མི་རྣམས་ལ་ཡོང་སྒོ་དང་ཁེ་སྤོགས་ཀྱི་འདོད་འདུན་རྒྱས་དྲགས་པས། སྒྲིག་རིམ་མེད་ལ་ཚད་ལས་བརྒལ་བའི་ཐོག་ནས་ཁོར་ཡུག་གཏོར་བརླག་བྱས་དང་བྱེད་བཞིན་པའི་དབང་གིས། ཆུ་ལོག་དང་ཐན་སྐྱོན། མེ་རི་འཕྱུར་བ། མཚོ་འཁྱོམ། འཁྱགས་ཀླུང་ཞུ་བ་སོགས་འཛམ་གླིང་ཁོར་ཡུག་ཉེན་འགྱུར་དང་གནམ་གཤིས་རྒྱུན་ལྡན་མ་ཡིན་པ་དག་ནི་ད་སྐབས་ཀྱི་ཉིན་རེའི་གསར་འགྱུར་དུ་གྱུར་ཡོད།

  བྱ་སྤྱོད་དེ་རིགས་ཀྱིས་འཛམ་གླིང་ཧྲིལ་པོའི་མི་བྱིངས་ལ་གནོད་འཚེ་ཐེབས་ཀྱིན་ཡོད་པ་དང་། ཁྱད་པར་དུ། མཐའ་ཁུལ་དང་དབུལ་ཕོངས་ཀྱི་རྒྱལ་ཁབ་རྣམས་སུ་ནམ་ཡང་སྐྱེ་ཁམས་ཁོར་ཡུག་གི་ཆ་རྐྱེན་ཞན་ལ། རྩ་བའི་མཁོ་བསྒྲིགས་ཀྱི་ནུས་པ་ཆུང་བས། གལ་ཏེ་ཆག་སྒོ་དང་གོད་ཆག་བྱུང་ཚེ། དེ་གའི་མི་རྣམས་ལ་རང་ཉིད་སྲུང་སྐྱོབ་བྱེད་པའི་ཐོན་ཁུངས་དང་བྱེད་ཐབས་མང་པོ་མེད་ཕྱིར། ལས་ཀྱིས་ཅི་བསྐོས་ཀྱི་དཔེ་རུ་འདུག་པ་ལས་འོས་མེད།

  སྔོན་མར་ང་ཚོས་རང་བྱུང་གི་གནོད་འཚེ་དང་མི་བཟོས་གནོད་འཚེ་གཉིས་ནི་ངོ་བོ་རྩ་བ་ནས་མི་འདྲ་བའི་གནད་དོན་གཉིས་སུ་ངོས་འཛིན་བྱས་ཡོད་ལས་ཆེ་ཡང་། ད་སྐབས་ང་ཚོས་རང་བྱུང་གི་གནོད་འཚེ་མང་པོ་ཞིག་ཀྱང་མིས་བཟོས་གནོད་འཚེ་ལ་ཐུག་ཡོད་པ་ཤེས་ཡོང་། དེ་ལྟར་ན་ཡང་། མིའི་སེམས་ཀྱིས་ཕྱི་རོལ་གྱི་འཇིག་རྟེན་ལ་ཤན་ཤུགས་འཇོག་པར་ཤེས་བྱེད་དུ། ནང་ཆོས་ཀྱི་བདེན་ལུགས་ཟབ་མོ་རྟོགས་མི་དགོས་ཤིང་སེམས་གཙོ་སྨྲ་བ་ཡང་བྱེད་མི་དགོས། རྒྱུ་མཚན་ནི་མིའི་བསམ་བློས་མིའི་བྱ་སྤྱོད་ལ་ཁ་ལོ་བསྒྱུར་བ་དང་། མིའི་བྱ་སྤྱོད་ཀྱི་འབྲས་བུ་དེ་འཚོ་གནས་ཀྱི་ཁོར་ཡུག་སྒྱུར་བྱེད་དུ་འགྱུར་བས་རེད།

  མི་རྣམས་ཀྱི་འཚོ་བའི་ཆ་རྐྱེན་མུ་ནས་མུ་རུ་ལེགས་བཅོས་སུ་ཡོང་བ་དང་མཉམ་དུ། ལུས་སེམས་ཀྱི་སྡུག་བསྔལ་སྔར་ལས་ཇེ་མང་དུ་འཕེལ་བཞིན་སྣང་སྟེ། དེང་སང་འཚོ་གནས་ཀྱི་ཁོར་ཡུག་ཆ་རྐྱེན་ཞན་དྲགས་པ་ལས་བསླངས་པའི་ནད་རིགས་སྔོན་དང་བསྡུར་ན་ཉུང་ཡང་། དེ་ཡི་ཚབ་ཏུ་ད་སྐབས་དེང་རབས་ནད་དང་། སྐུ་དྲག་ནད། དྲེག་ནད། ཚོ་སྐྲན། ཁྲག་ཞག་མཐོ་བ་སོགས་འབྱུང་གིན་ཡོད་པ་རེད། ལྟོས་བཅས་ཀྱིས་བཤད་ན་དཔལ་འབྱོར་ཅུང་ཙམ་དར་རྒྱས་ཆེ་བའི་ས་ཁུལ་གྱི་མི་རྣམས་ལ། སྤྱི་ཁྱབ་ཀྱིས་བསམ་བློའི་གནོན་ཤུགས་ཅུང་ཟད་ཆེ་ཞིང་། གཉིད་ཡེར་ནད་དང་དོགས་འཚེར་སེམས་ནད་སོགས་བྱུང་ཚད་ཧ་ཅང་མཐོན་པོ་འདུག ང་ཚོས་ཤེས་གསལ་ལྟར། བསམ་བློའི་གནོན་ཤུགས་ཀྱིས་སེམས་ཀྱི་སྡུག་བསྔལ་བསྐྲུན་པར་མ་ཟད། ལུས་ཐོག་གི་ནད་མི་འདྲ་བ་དཔེར་ན། སྐྲན་འབྲས། སྙིང་རྩའི་ནད་རིགས་སོགས་ནད་མང་པོ་ཞིག་སྐྱེད་བཞིན་ཡོད།

  དེང་རབས་སྤྱི་ཚོགས་ཀྱི་མི་མང་ཕྱོགས་མཐའ་གཅིག་ལ་ལྷུང་ཡོད་པ་ནི། ལོངས་སྤྱོད་ཕུན་སུམ་ཚོགས་པ་ཞིག་ཡོད་ན་གནད་དོན་ཐམས་ཅད་ཐག་ཆོད་པར་འདོད་བཞིན་ཡོད་པ་དེ་ཡིན། རྒྱུ་མཚན་དེས་མི་རྣམས་ཀྱིས་བཙན་འཕྲོག་དང་། ཧམ་ལེན། འགྲན་རྩོད་སོགས་ཚུལ་དང་མི་མཐུན་པའི་བྱ་བ་ཇེ་མང་དུ་འགྲོ་བཞིན་ཡོད་པ་རེད། འདོད་པའི་ལོངས་སྤྱོད་ཀྱིས་མི་རྣམས་ལ་ཚོར་བ་བདེ་བ་སྟེར་བ་བདེན་ཡང་། དེ་ནི་དབང་པོའི་སྒོ་ལྔའི་བདེ་བ་ལས་ཕན་ལ་བརྒལ་མེད་པས་བདེ་བ་མཐར་ཐུག་མིན་ཕྱིར། དབང་པོའི་བདེ་བ་ལས་ཀྱང་ནང་སེམས་ཀྱི་བདེ་བ་བརྩོན་ལེན་བྱེད་པ་དེ་གལ་ཆེ།

  འཚོ་བའི་ཁྲོད་ཀྱི་གནད་དོན་འགའ་རེ་དབུལ་ཕོངས་དང་འཚོ་གནས་ཀྱི་རྨོངས་པ་གཞོམ་ན་ཐག་གཅོད་ནུས་ཀྱང་། གནས་ཚུལ་མང་པོའི་འོག་ཏུ་ང་ཚོ་དཀའ་ངལ་གྱི་འདམ་དུ་འབྱིང་བ་དེ། རྒྱུ་རྐྱེན་གཙོ་བོ་ནི་དུས་ཡུན་རིང་པོར་བསམ་པའི་དཔལ་ཡོན་ལ་སྣང་མེད་བྱས་པའི་ལན་རེད། དེར་བརྟེན། ཡུན་བརྟན་གྱི་བདེ་སྐྱིད་ངོ་མ་དེ་ཕྱི་རོལ་ལ་བསྙབས་ནས་ལེན་མི་ཐུབ། གལ་ཏེ་མུ་མཐུད་དུ་བསམ་པའི་སྦྱོང་བརྡར་ཡང་དག་ལ་སྣང་མེད་བྱས་ན། ཕྱི་རོལ་གྱི་དམག་འཁྲུག་དང་གོད་ཆག བསམ་བློའི་ཉམས་ཉེན་སོགས་ལ་རྩ་བའི་ཐོག་ནས་དོན་དག་ཐག་ཆོད་ཡོང་ཐབས་མེད་པ་རེད།

  ས་འགུལ་གྱི་རྗེས་སུ་ཚང་མས་དཔའ་གདེང་མཉམ་བསྐྱེད་ཀྱིས་གནོད་ཐེབས་ས་ཁུལ་ལ་རོགས་སྐྱོར་དང་། གནོད་ཁུལ་མི་དམངས་ཀྱིས་དཀའ་ངལ་ལ་གདོང་ལེན་བྱས་པ་རེད། མ་གཞི་ཀུན་གྱིས་གདོང་ལེན་བྱེད་ས་དེ་ཕྱི་རོལ་ཡུལ་གྱི་རང་བྱུང་གནོད་འཚེ་ཙམ་གྱིས་མི་ཚད། མིའི་རིགས་ཀྱི་སྒྱིད་ལུག་གི་ངོ་གདོང་དེའང་ཡིན་ལ། འཛུགས་སྐྲུན་བྱེད་རྒྱུ་དེ་ཡང་ཕྱི་རོལ་ཡུལ་གྱི་ཁྱིམ་གཞིས་ཙམ་གྱིས་མི་ཚད། མིའི་རིགས་ཀྱི་བསམ་བློའི་ཕ་ཁྱིམ་ཡང་ཡིན་པ་རེད།

  ས་འགུལ་གྱིས་སྐྱེ་རྒུ་ལ་གནོད་སྐྱོན་ཚབས་ཆེན་བསྐྲུན་ཀྱང་། མིའི་རིགས་ཀྱི་ལྷག་བསམ་དང་བརྩེ་སེམས་ཀྱིས་ནང་གི་ན་ཟུག་དང་སྐྱོ་གདུང་གཞོམ་ནུས་པ་དེ་ནི། བརྩེ་བའི་འོད་མདངས་ཀྱི་ཆ་ཞིག་ཡིན་པར་མ་ཟད། དེས་ང་ཚོའི་མི་གཞིའི་སྟོང་ཆ་ལ་ཁ་གསབ་དང་འདང་ས་ནས་ཁ་སྣོན་བྱེད་ཀྱིན་ཡོད། མི་ཚང་མ་ལ་སེམས་བཟང་གི་ངོས་ཤིག་ཡོད་པས། སེམས་ཁམས་དེ་ཉིད་གསོ་སྐྱོང་དང་སྐུལ་མ་བྱས་ན་རང་གཞན་གཉིས་ཆར་བདེ་སྐྱིད་བསྐྲུན་ཐུབ། བདེ་སྐྱིད་བརྩོན་ལེན་གྱི་གོ་རིམ་ཁྲོད་དུ། ང་ཚོས་ཅིས་ཀྱང་མི་གཞན་དག་ལ་མནོ་བསམ་བྱ་འོས་ཏེ། མནོ་བསམ་བྱེད་སྟངས་དེའང་ད་ལྟ་གོ་ལར་འཚོ་བཞིན་པའི་འགྲོ་བ་མི་ཙམ་མ་ཡིན་པར། མ་འོངས་པར་འཚོ་བར་འགྱུར་བའི་སྲོག་ཆགས་ཚང་མ་ལ་འདང་ཤག་ཤག་གི་འཚོ་གནས་ཀྱི་བར་སྟོང་ངེས་ཅན་ཞིག་རྩིས་འཕྲོད་དགོས།

  སྦྱིན་པ་ནི་བདག་འཛིན་གྱི་འཆིང་རྒྱ་གཏོར་བར་བྱེད་པའི་ནུས་ལྡན་གྱི་ཐབས་ལམ་ཞིག་ཡིན་ལ། དེ་ཡང་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས། སྦྱིན་བྱེད་སེར་སྣ་ཅན་འདྲར་མཐོང་། །ཞེས་གསུངས་པ་ལྟར། སྦྱིན་པས་དོན་དུ་རང་གི་ཚོགས་བསགས་སྒྲིབ་སྦྱོང་བྱས་ཡོད་པ་ཡིན། སྦྱིན་པ་བཏང་ན་སྦྱིན་མཁན་དང་སྦྱིན་ཡུལ་གཉིས་ཀ་ལ་ཁེ་ཕན་ཡོད་དེ། སྦྱིན་ཡུལ་ལ་མི་འདང་པ་གསབ་པའི་ཁེ་ཕན་དང་། སྦྱིན་མཁན་ལ་དགའ་སྤྲོ་དང་དགེ་བ་ཐོབ་པ་སོགས་ཀྱི་དགེ་མཚན་ཡོད། སྦྱིན་པ་ལ་རིགས་མི་འདྲ་བ་མང་པོ་ཡོད་པ་ལས། ཐེངས་འདིར་གནོད་ཁུལ་ལ་དངོས་པོ་དང་སྒོར་མོའི་ཞལ་འདེབས་ཕུལ་བ་དེ་ནི་ཟང་ཟིང་གི་སྦྱིན་པ་རེད། སྦྱིན་པ་འདི་ས་འགུལ་ལྟ་བུའི་གོད་ཆག་གི་ནང་དུ་མ་གཏོགས་སྦྱིན་མི་ཆོག་པ་ཞིག་ཀྱང་མ་ཡིན་པར། རྒྱུན་ལྡན་འཚོ་བའི་ཁྲོད་ནས་ཀྱང་འདྲ་འདྲ་སྦྱིན་ཆོག དཔེར་ན། དབུལ་པོ་ལ་རོགས་སྐྱོར་བྱེད་པ་དང་། སློབ་གྲྭར་འདོན་བྱེད་ཀྱི་ཆ་རྐྱེན་མི་འདང་བའི་བྱིས་པ་སོགས་ལ་སློབ་གསོ་མྱོང་བའི་གོ་སྐབས་བསྐྲུན་པ་ལྟ་བུ་ཡིན།

  དངོས་ཤུགས་ངེས་ཅན་ཞིག་མེད་ཚེ་སྦྱིན་པ་གཏོང་ཆོག་རྒྱུ་མ་རེད་མ་བསམ། གཙོ་བོ་ངོ་མ་དེ་དངོས་པོའི་མང་ཉུང་མ་ཡིན་པར་སེམས་བསྐྱེད་རྣམ་པར་དག་མིན་ལ་ཐུག་ཡོད་པས། ཁྱོད་རང་ཆེད་དུ་གཞིས་ཁུལ་གྱི་སྒོ་ཁ་ན་ཡོད་པའི་མགྱོགས་ཟས་ཁང་གི་ཚོང་ལ་ལྟ་རྟོག་བྱེད་དུ་འགྲོ་ཆོག་པ་རེད་ལ། ལས་ཞུགས་ཀྱི་གོ་སྐབས་ཤིག་མཁོ་འདོན་བྱེད་ཆེད་བུ་རྫི་ཞིག་ལ་རང་གི་ཁྱིམ་ལས་ལས་སུ་བཅུག་ན་ཡང་ཆོག་པ་རེད།

  གོད་ཆག་གི་ཁྲོད་ནས་དངོས་པོ་དང་སྒོར་མོའི་ཞལ་འདེབས་ཕུལ་ཆོག་པར་མ་ཟད། ད་རུང་རང་གི་དུས་ཚོད་དང་བསམ་བློའི་འགྲོ་གྲོན་བཏང་སྟེ་རོགས་རམ་མཁོ་བའི་མི་ལ་བྱ་བ་བསྒྲུབ་ཆོག ཐེངས་འདིར་མི་མང་པོས་གནོད་སྐྱོན་ས་ཁུལ་ལ་རང་འདུན་པ་བྱས་ནས། རྨས་མ་ལ་ལྟ་སྐྱོང་དང་འབྲེལ་ཟམ་འཛུགས་རོགས་བྱས་ཡོད་པ་གོ་བྱུང་། ང་ཚོའི་སྤྱི་ཚོགས་ལ་ད་རུང་མུ་མཐུད་དུ་འདི་ལྟ་བུའི་རང་འདུན་པ་མཁོ་ལ། དྭ་ཕྲུག་དང་དབང་པོ་སྐྱོན་ཅན། མི་རྐྱང་ལོ་ལོན། ངེས་མེད་འཁྱམ་པོ་སོགས་ལ་མུ་མཐུད་དུ་འདི་ལྟ་བུའི་རོགས་རམ་མཁོ་བ་རེད།

  ནང་ཆོས་སུ་ད་དུང་ཆོས་ཀྱི་སྦྱིན་པ་ཟེར་བ་ཞིག་ཡོད། དེ་ནི་མི་རྣམས་ལ་ཆོས་ཀྱིས་གོ་བརྡ་སྤྲད་དེ་གཞན་ཕན་བསྒྲུབ་པ་ཞིག་ཡིན། མ་གཞི་བཀར་བཏགས་ཀྱི་ཕྱག་བརྒྱ་བཞི་དང་མཐུན་པའི་བསམ་བློ་ཐམས་ཅད་ནང་ཆོས་ཀྱི་བསམ་བློའི་ཁྱབ་ཁོངས་སུ་བསྡུ་ཆོག་ཅིང་། ངན་པ་རྣམས་དོར། བཟང་པོ་རྣམས་སྤེལ་བའི་བྱ་སྤྱོད་ཐམས་ཅད་དགེ་བའི་ཁོངས་སུ་བསྡུ་ཆོག་པས། མི་གཞན་དག་དཀའ་ངལ་དང་ཕྲད་དུས་སེམས་གསོ་དང་། སྐུལ་མ། རོགས་རམ་བྱས་ནས། ཁོ་ཚོ་ལ་རིན་ཐང་གི་ལྟ་བ་དང་མི་ཚེའི་ལྟ་བ་ཡང་དག་པ་ཆགས་སུ་འཇུག་པའང་ཆོས་ཀྱི་སྦྱིན་པ་ཡིན།

  སྦྱིན་པ་གཏོང་བ་དེས་རང་ཉིད་གཅིག་པུ་ལ་དོ་སྣང་བྱེད་པའི་སྒེར་སེམས་དང་། ཡོད་ཚད་རང་གི་ལག་པའི་ནང་དུ་དམ་པོར་བཟུང་བའི་བསམ་བློ་དེ་རྩ་མེད་དུ་བཏང་སྟེ། མི་རྣམས་ལྷོད་ལ་འབབ་ཏུ་བཅུག་ཡོང་བས། དེ་དུས་ང་ཚོས་ཡ་མཚན་གྱི་སྒོ་ནས། མ་གཞི་གཞན་ལ་གཏོང་ཕོད་བྱས་པ་ལ་བརྟེན་ནས་རང་ཉིད་ལ་ཕུན་ཚོགས་འབྱུང་བ་ལས། རང་ཉིད་དབུལ་ཕོངས་སུ་མི་འགྱུར་བ་རྟོགས་ཡོང་། སྦྱིན་པའི་དམིགས་ཡུལ་ནི་བདག་འཛིན་བློས་གཏོང་དང་། སྔར་ལས་ལྷག་པའི་སྒོ་ནས་མི་གཞན་པ་ལ་རོགས་རམ་བྱེད་རྒྱུ་དེ་ཡིན་པས། དེའི་སེམས་བསྐྱེད་ཤིན་ཏུ་གཙོ་ཆེ། གལ་ཏེ་ཚུལ་འཆོས་དང་འགྲན་རྩོད་ཀྱི་ཆེད་དུ་ཡིན་ན། སྦྱིན་པ་དེས་སོ་སོའི་བདག་འཛིན་ཇེ་ཆེར་གཏོང་བ་ཡིན་སྟབས། སྦྱིན་མཁན་རང་ལ་ཐོབ་པའི་དགེ་བ་དང་། སེམས་ཅན་གཞན་ལ་སྟེར་བའི་དགའ་བ་གཉིས་ཚད་ཅན་ཞིག་ལས་འགྱུར་མི་ནུས།

  སྤྲོ་སྣང་དང་ཆོག་ཤེས་ནི་དེང་རབས་མི་རྣམས་ཀྱིས་ངེས་པར་གསོ་སྐྱོང་བྱེད་དགོས་པའི་སེམས་ཁམས་རེད་འདུག དེ་ལྟར་མ་བྱས་ན། འགྲན་རྩོད་ཀྱི་གནོན་ཤུགས་ལ་གདོང་ལེན་དང་། གདམས་ང་དང་བསླུ་བྲིད་སྣ་ཚོགས་ལ་མདུན་བསུ་བྱེད་དགོས་དུས། རང་ཉིད་ཀྱི་འཚོ་བ་ཆ་མི་སྙོམས་ཤིང་། སེམས་ཁྲལ་གྱི་གྲིབ་མས་ཡིད་ཀྱི་སྐྱིད་སྣང་སྒྲིབ་འགྲོ་བའི་ཉེན་ཁ་ཤིན་ཏུ་ཆེ། དེ་ལྟར་ན་ཡང་སེམས་ཁམས་སྙོམས་སྒྲིག་བྱེད་རྒྱུ་ནི་དེ་འདྲའི་སླ་མོ་ཞིག་གཞི་ནས་མ་རེད་མོད། འོན་ཀྱང་། རང་གཞན་ཚང་མའི་བདེ་སྐྱིད་ཀྱི་ཆེད་དུ་ང་ཚོས་ཀྱང་འབད་བརྩོན་བྱ་འོས།

  སྐབས་ལ་ལར། ང་ཚོའི་དཀའ་ངལ་གྱི་གནས་བབ་དེ་རང་གི་རྟོག་པ་འཆར་ལུགས་ཤིག་ལས། དོན་དངོས་ཀྱི་གནས་ཚུལ་ནི་དེ་ཙམ་ཡ་མི་ང་། གལ་ཏེ་དངོས་གནས་དེ་འདྲའི་གནས་བབ་སྡུག་ཐུག་ཅིག་ཏུ་ལྷུང་སོང་ན་ཡང་། འཇིགས་པ་ལ་མི་སྐྲག་པར་བྱེད་པ་དང་དཀའ་ངལ་གདོང་གཏུག་གི་སྤོབས་པ་བསྐྱེད་ཐུབ་དགོས་པར་མ་ཟད། རྟེན་འབྲེལ་དང་རྒྱུ་འབྲས་ཀྱི་རྣམ་གཞག་ཤེས་པར་བྱས་ནས། གནས་བབ་གང་ཡིན་ཡང་དང་ལེན་ཐུབ་པར་བྱ་དགོས། 

  མི་ཉུང་བ་ཞིག་གིས་གཞན་པའི་ཁ་ལོ་བསྒྱུར་བསམ་པ་ལས། རང་ཉིད་ཀྱི་ཁ་ལོ་བསྒྱུར་བསམ་གྱིན་མེད་པ་འདྲ་བས། རང་སེམས་ཁ་ལོ་བསྒྱུར་བ་དངོས་གནས་དཀའ་མོ་ཡིན། ཐོག་མ་མེད་པ་ནས་གོམས་གཤིས་སུ་ཆགས་ཚར་བའི་བག་ཆགས་སྟུག་པོ་དེ། དུས་ཡུན་ཐུང་ཐུང་ཞིག་གི་ནང་དུ་བསྒྱུར་མི་ནུས་ཀྱང་། ཆོས་སྒྲུབ་པའི་ལམ་ཐོག་ནས་གེགས་དང་བར་ཆད་ཅི་བྱུང་ན་ཁོང་ཡངས་དང་སྡུག་རུས་བྱ་འོས། རྒྱུ་མཚན་ཡང་ང་ཚོའི་དམིགས་ཡུལ་ནི་འགྲོ་བ་སེམས་ཅན་ཐམས་ཅད་སྡུག་བསྔལ་དང་བྲལ། བདེ་བ་དང་ལྡན་པའི་དོན་ཡིན་པས་ནམ་ཡང་མི་བརྗེད་པར་བྱེད་དགོས།

  གོད་ཆག་གིས་ང་ཚོ་ལ་ཧ་ཅང་ཁ་གསལ་པོའི་སྒོ་ནས་ནང་བཅུད་ཀྱི་སེམས་ཅན་རྣམས་མི་རྟག་པ་ཡིན་ཚུལ་དང་། སྡུག་བསྔལ་གྱི་རང་བཞིན་ཡིན་ཚུལ་ཤེས་སུ་བཅུག་བྱུང་ལ། སྔར་ལས་ཀྱང་ངེས་འབྱུང་དང་བྱམས་སྙིང་རྗེའི་བློ་ཡི་དོན་སྙིང་ཡང་ཤེས་སུ་བཅུག་བྱུང་། བླ་རུང་སྒར་གྱིས་ས་འགུལ་ཡོང་བའི་དེ་མ་ཐག་ཏུ་དོན་དེར་དོ་ཁུར་བྱས་ཏེ། ཞལ་འདེབས་བསྡུ་བ་དང་སྲོག་སྐྱོབ་རུ་ཁག་རྩ་འཛུགས་བྱས་སྟེ། སློབ་གླིང་ལ་བཞུགས་པའི་མཁན་པོ་དང་སྤྲུལ་སྐུ། དགེ་བསྐོས་གཙོ་བོ་ཐམས་ཅད་ཐོག་མའི་དུས་ཚོད་ཀྱི་ནང་དུ་རྒུད་སྐྱོབ་ཀྱི་ལས་ཀར་ཞུགས་ཡོད། མིག་སྔའི་བར་དུ་མི་སྟོང་ལས་བརྒལ་བ་གནོད་ཁུལ་དུ་སོང་ནས། མི་འཚོལ་རོགས་དང་སྲོག་སྐྱོབ་རོགས་བྱས་པར་མ་ཟད། རྐྱེན་ལམ་དུ་སོང་བ་དག་ལ་བསྔོ་སྨོན་དང་། ཤུལ་དུ་ལུས་མཁན་ཚོ་ལ་བཟའ་བཅའ་དང་། ཉལ་ཐུལ་སོགས་དངོས་པོའི་མཐུན་རྐྱེན་མཁོ་འདོན་གནང་བཞིན་ཡོད་པ་རེད། གཞན་ཡང་ངའི་འགྲམ་གྱི་མི་མང་པོ་ཞིག་དང་། དགོན་པ་གཞན་དག་འགའ་རེས་ཀྱང་ཐོག་མའི་དུས་ཚོད་ནང་གནོད་ཐེབས་ས་ཁུལ་དུ་རོགས་སྐྱོར་བྱས་སོང་། ང་རང་སྒེར་ངོས་ནས་ནད་ཀྱི་རྐྱེན་པས་གནོད་ཁུལ་ལ་དངོས་སུ་མ་ཐོན་ཀྱང་། སྒར་གྱི་མཆེད་གྲོགས་ཚོ་དང་བཀྲ་ཤིས་ཁྲི་གླིང་གི་གྲོགས་པོ་ཚོ་བརྒྱུད་ནས་སེམས་མཚོན་བྱེད་ཙམ་ཞིག་གནོད་ཁུལ་སྤུན་ཟླ་རྣམས་ལ་ཕུལ་རྒྱུ་བྱུང་སོང་བས་ཁྱེད་ཅག་ལ་ཐུགས་རྗེ་ཆེ་ཞུ།

  ནང་པའི་རྗེས་འཇུག་ཅིག་གི་ངོས་ནས། ཆག་སྒོའི་ཁྲོད་དུ་ཚེ་སྲོག་གི་འཕེན་པ་རྫོགས་ཚར་བའི་མི་དང་། གནོད་འཚེའི་ན་ཟུག་མྱོང་བཞིན་ཡོད་པའི་མི་རྣམས་ལ། ང་ཚོས་ད་རུང་ནང་ཆོས་ཀྱི་ཐུན་མོང་མ་ཡིན་པའི་བྱེད་ཐབས་སྤྱད་དེ་ཁོ་ཚོ་ལ་དགེ་བ་བསྒྲུབས་ཏེ་དེའི་འབྲས་བུ་ཡོད་ཚད་དང་། མཆོག་གསུམ་བྱིན་མཐུ་གཉིས་ཀ་ལ་བརྟེན་ནས་གཤིན་པོ་རྣམས་བདེ་བ་ཅན་དུ་སྐྱེ་བ་དང་། ཤུལ་ལུས་ཚོ་ཅི་མགྱོགས་ཀྱིས་ཆག་སྒོ་ལས་ཐར་བའི་སྨོན་འདུན་དང་། དེ་བཞིན་དུ་སྤྱན་རས་གཟིགས་ཀྱི་གཟུངས་སྔགས་བཟླ་བ་དང་། མཚན་བརྗོད་པ་སོགས་བྱས་ན་འདི་བདེ་ཕྱི་སྐྱིད་དང་། གོད་ཆག་ཞི་བ་ལ་ཕན་ཐོགས་རྒྱ་ཆེན་ཡོད་པས་དེ་ལུགས་ཞུ།

  སླད་ཀྱི་ཆར་མཐའ་མེད་པའི་འགྲོ་བ་ཐམས་ཅད་སྡུག་བསྔལ་དང་བྲལ། བདེ་བ་དང་ལྡན། འཕགས་པ་ཐུགས་རྗེ་ཆེན་པོའི་བྱིན་རླབས་མྱུར་ཏུ་འགྲོ་བ་རྣམས་ཀྱི་རྒྱུད་ལ་སྨིན་ནས། ཇི་སྲིད་འཚོའི་བར་དུ་གོད་ཆག་ཡང་བསྐྱར་མི་འབྱུང་བའི་སྨོན་ལམ་འདེབས།  ཨོཾམཎིཔདྨེཧཱུྃ༔

  སྤྱི་ལོ2010ལོའི་ཟླ4པར།