༄༅། །མེ་བྱ་ལོའི་ཞག་བརྒྱའི་སྲོག་བླུའི་སྐོར་གྱི་བཀའ་སློབ་བཞུགས།


 

   ༈ གསོད་གཏུབ་བྱས་ནས་སྐྱིད་པོ་ཡོང་ཐབས་མེད།

  དགེ་སྐུལ་གཉིས་པ་དེ་གང་ཡིན་ཟེར་ན། ཁྱེད་ཆ་ཁས་སེམས་ཅན་སྲོག་མི་གཅོད་རྒྱུ་དང་གཅིག  དེའི་སྟེང་དུ་རང་རང་གི་ནུས་པ་ལྟར་དུ་སྲོག་བླུ་རྒྱུ་དེ་གཉིས་ཡིན། ཡང་ལ་ལ་དེ་སྐྲག་འགྲོ་ནའང་མི་ཤེས། ཤེས་རབ་བཟང་པོས་ཁོང་ཆ་ཁར་ཟ་མི་བཅུག་འཐུང་མི་བཅུག་དཀའ་མོ་ཞིག་བྱེད་ཡོང་རྒྱུ་རེད་དྲན་ན། དེ་ནི་མིན། དེ་ཁྱེད་ཆ་ཁས་འདང་རྒྱོབས་དང་། ད་སྔོན་ཡན་ཆོད་ལ་འུ་ཅག་གིས་གསད་རྒྱུ་བསད། གཏུབ་རྒྱུ་གཏུབས་པ་རེད་དེ། བཤས། བསད། གཏུབས་འདུག་མཁན་རྣམས་དང་བསྡུར་ན། མ་བཤས། མ་བསད། མ་གཏུབ་མཁན་ཐམས་ཅད་ཀྱིས་ཁ་ལས་རླུང་རྟ་དར་རྒྱུ་དང་རྒྱུ་ནོར་ལོངས་སྤྱོད་ཕུན་སུམ་ཚོགས་རྒྱུ་འདྲ་ཞིག་ཨི་རེད་གོ གསོད་གཏུབ་བྱེད་བདག་ཐམས་ཅད་སྐྱིད་པོ་བདེ་མོ་ཞིག་རེད་མི་འགི་ཨ། གསོད་གཏུབ་བྱས་ནས་སྐྱིད་པོ་བདེ་མོ་ཞིག་རེད་རྒྱུ་ཡོད་ན། བཤས་རའི་ནང་གི་ཤན་པ་ཆ་ཁ་ལས་སྐྱིད་དགའ་ཆེ་བ་ཞིག་མེད་རྒྱུ་ཅན་རེད་དེ་དེ་མ་རེད་ཨཱ། ལས་རྒྱུ་འབྲས་བསླུ་བ་མེད་པ་ཟེར་བ་དེ་འདྲ་ཞིག་རེད།

  ༈ རྒྱུ་མཚན་འདི་གཉིས་བསམས་ན་ཤན་པ་ཡིན་ཡང་ལས་མཚམས་འཇོག་སྲིད།

  དེ་རིང་ནས་བཟུང་སྟེ་སྟོན་ཟླ་འབྲིང་པོ་ཚེས་ཚར་བ་རེད། ད་ནི་ཡང་ལོ་རེའི་ནང་ནས་ལས་ངན་པའི་དུད་འགྲོ་ཐམས་ཅད་གཤིན་རྗེའི་ཁྲམ་ཁར་འདེབས་རན་པའི་དུས་ཚོད་ལ་ཐུག་སོང་བ་རེད། ཐམས་ཅད་ཀྱིས་བཤས་ཉོ་བཤས་ཚོང་གི་ཐད་ནས་ཡིན་ཡང་འདྲ། རང་གིས་བཤའ་རྒྱུའི་ཐད་ནས་ཡིན་ཡང་འདྲ། རང་གི་ལུས་ལ་དཔེ་ལོངས་ལ། །གསུངས་པ་ལྟར་དུ། རང་དཔེ་གཞན་ལ་ལེན་ནས་སེམས་ཅན་དེ་དག་ལ་རྒྱུས་ལོན་སྤུས་གཙང་རེ་བྱེད་རྒྱུ་དེ་ཤིན་ཏུ་གལ་ཆེ་བ་རེད། དཔེར་ན། རང་ཅག་མི་རྣམས་ལ་བསམ་བློ་བཏང་ན། ཇ་ཐུན་གཅིག་ཞིམ་པོ་རྒྱགས་མོ་ཞིག་མ་རག་ནའང་ལུས་དང་སེམས་ལ་སྡུག་བསྔལ་འབྱུང་བ་རེད། དེ་བཞིན་དུ་སོ་ནད་ཙམ་ཞིག་ཕོག་ནའང་བཟོད་མི་ཐུབ་པ་ལྟ་བུའི་ཟུག་གཟེར་ཡོད་པ་རེད། དེ་ལ་བསམ་བློ་བཏང་ན་སེམས་ཅན་ལས་ངན་འདི་ཆ་ཁས་འུ་ཅག་ལ་ཞོ་འོ་མ་མར་ཕྱུར་བ། སྤུ། ཁུ་ལུ། ཐ་ན་ལྕི་བ་ཡན་ཆོད་ཀྱིས་དྲིན་གྱིས་བསྐྱངས་བསྐྱངས་མཐར། དྲིན་ཆེན་ལ་དྲིན་ལོག་བྱས་ནས་སྲོག་དམར་པོ་དེའང་བཅད་ན་རུང་ས་འགི་དང་མི་འགི   འུ་ཅག་རང་ཉིད་སེམས་ཅན་ལས་ངན་དེ་ཡིན་ན་ཅི་དྲན་ས་འགི  དེ་ལ་བསམ་བློ་ཐོངས་དང་། འདི་ཆ་ཁས་མི་སྐད་བཤད་མི་ཤེས་པ་ཙམ་རེད་མ་གཏོགས། ཚོར་བ་བདེ་སྡུག་ཡོད་ལུགས་ང་ཚོ་དང་འདྲ་འདྲ་རེད། བདེ་བ་ཕྲན་བུ་ཡིན་ཡང་འདོད་པ་རེད། སྡུག་བསྔལ་ཕྲན་བུ་ཡིན་ཡང་མི་འདོད་པ་རེད། དཔེར་ན། རྟ་ཟོག་སེམས་ཅན་འདི་དག་ལག་པས་ཕར་དཀྲོགས་ན་འདྲོགས་ཤེས་འདུག་ཨཱ། དེ་བཞིན་དུ་ཁ་སྐོམ་ན་ཆུ་འཚོལ་དུ་འགྲོ་ཤེས་འདུག  ད་རུང་ཡང་བདག་པོས་རང་ཉིད་བཤའ་བའི་གྲ་སྒྲིག་བྱེད་དུས་བཤའ་གྲི་ཡང་ས་འོག་ཏུ་བསྐུངས་པའི་ལོ་རྒྱུས་ཀྱང་བཤད་རྒྱུ་ཡོད་དར་ཨཱ། དེ་ཡིན་དུས། འུ་ཅག་མྱི་ཞིག་འདི་ན་ཁྲིད་ནས་ཤ་དུམ་བུ་དང་ཁྲག་ཐིགས་པ་བྱས་ནས་དམར་གསོད་བཏང་ན་སྐྱིད་རྒྱུ་རེད་དང་སྡུག་རྒྱུ་རེད། ཡང་དེ་དང་དེ་ལྟར་དམར་གསོད་གཏོང་ལ་ཉེ་བའི་མཚམས་སུ་སྲོག་ཁྲིམས་དེ་ལས་གཞན་ཞིག་གིས་བསྐྱབས་སོང་ན་སྐྱིད་རྒྱུ་རེད་དང་སྡུག་རྒྱུ་རེད། དེའི་ཕྱིར་ན་རང་གི་སྡུག་བསྔལ་ལ་ཡང་ཡང་བསམས་ནས་གཞན་ལ་སྡུག་བསྔལ་མི་སྤྲོད་རྒྱུ་དང་། རང་གི་བདེ་བ་ལ་ཡང་ཡང་བསམས་ནས་གཞན་བདེ་བ་དང་བདེ་བའི་རྒྱུ་ལ་འབད་རྒྱུ་དེ་ཤིན་ཏུ་གལ་ཆེ་བ་རེད།

  དེ་ནས་ཉེས་པ་ལ་བསམ་བློ་བཏང་ནའང་། སྲོག་གཅོད་གོང་ན་སྡིག་གཞན་མེད། །གསུངས་པ་རེད། དེ་མེད་ཚུལ་ཡང་ལུང་དང་རིགས་པ་གཞན་ཞིག་ལས་ཤེས་དགོས་པ་ཞིག་མ་རེད། རང་གིས་རང་ལ་བསམ་བློ་ཐོངས་དང་། འཇིག་རྟེན་གྱི་ཁམས་འདི་ན་རྒྱུ་རྫས་ལོངས་སྤྱོད་དང་ཐོབ་མངའ་ཐང་སོགས་ཅི་དང་ཅི་བས་ཀྱང་དམར་ཐང་ཆེ་བ་ནི་རང་གི་སྲོག་དམར་པོ་འདི་རེད་ཨཱ། དེ་ནི་རང་ཅག་འཇིག་རྟེན་མྱི་ཙམ་ཞིག་མ་རེད། རྟ་ཟོག་ར་ལུག་ལ་སོགས་སེམས་ཅན་ཐམས་ཅད་ལའང་རང་གི་སྲོག་དེ་ལས་གཅེས་པ་ཞིག་གང་ཡང་མེད་ཚུལ་ནི། རང་གི་སྲོག་སྲུང་བའི་ཕྱིར་དུ་གཞན་ གསོད་པའི་ལས་ཀྱང་ཅིར་མི་སྙམ་གྱིས་དང་དུ་ལེན་པ་རེད།  རྒྱུ་མཚན་དེའི་ཕྱིར་ན་གང་ལས་ཀྱང་གཅེས་པའི་སྲོག་དེ་ཉིད་འཕྲོག་པར་བྱས་ན་ཉེས་པ་ཆེ་དང་མི་ཆེ་བཤད་མ་དགོས་པ་རེད།

  དེས་ན་སྲོག་གཅོད་པའི་སྡུག་བསྔལ་དང་ཉེས་དམིགས་གཉིས་ལ་ངེས་ཤེས་ཡང་དག་པ་ཞིག་འདྲོངས་ན། ཤན་པ་ཡིན་ཡང་ལས་མཚམས་མི་འཇོག་རང་དབང་ཡོད་རྒྱུ་མ་རེད་བསམས།

  ༈ མེ་བྱ་ལོའི་ཞག་བརྒྱའི་སྲོག་བླུ་དང་དགེ་སྐུལ།

  ངོ་མ་བྱས་ན། དེ་རིང་མགོ་བཟུང་ནས་ང་ཡང་དངོས་སུ་སྲོག་བླུ་ལ་ཞུགས་དགོས་པ་རེད་དེ། ང་རང་གནས་སྐབས་ནད་ཀྱི་དབང་གིས་འདི་ན་ཡོད་མི་ཐམས་ཅད་དང་མར་ཕྱོགས་ན་ཡོད་མི་ཆ་ཁས་ཁྱོད་སྐབས་གཅིག་ཙམ་ལ་མ་ཡོང་། ཡོང་ནས་སྲོག་བླུའི་ནང་དུ་ཞུགས་ཚར་ནས་བཟུང་སྟེ། ནངས་སྔ་ལངས་དང་ནུབ་ཉལ་ཕྱི་སོགས་བྱས་བསྡད་ན། ནད་དེ་ཉིད་ཚུར་ན་ཡོང་ན་དེ་བས་དཀའ་ཞིག་རེད་གསུངས་པ་ལ་བརྟེན་ནས། ཉི་མ་ཁ་ཤས་ང་རང་སྲོག་བླུར་འགྲོ་རྒྱུ་ཕྱིར་འཐེན་བྱས་ནས་བསྡད་ཡོད། ཡིན་ནའང་། བྲག་མགོ་ནས་སྤྲུལ་སྐུ་སྟོབས་ལྡན་དང་གསེར་རྟ་ནས་བླ་མ་བླ་སྐྱབས་གཉིས་དང་རྒྱ་རིགས་ལས་འགན་པ་འགའ་རེ་ཞིག་གིས་གཙོར་བྱས་ཏེ་དེ་རིང་ནས་བཟུང་ད་ལོའི་ཞག་བརྒྱའི་སྲོག་བླུ་མགོ་རྩོམ་བཞིན་པ་རེད། ད་རུང་ཡང་ངེད་ཚང་གི་གྲྭ་པ་མཁན་པོ་བཀྲ་ཤིས་དབང་ཕྱུག་ད་སྐབས་སྙུང་བཞིན་པ་རེད་དེ་ཁོང་ཡར་བདེ་ཡོང་དུས་ཁོང་ཡང་དེའི་ནང་ལ་ཞུགས་ནས་སྲོག་བླུ་བྱེད་རྒྱུ་རེད།

  ལོ་རེའི་ཞག་བརྒྱའི་སྲོག་བླུ་འདི་དང་འབྲེལ་ནས་ངེད་ཅག་གིས་སྲོག་བླུའི་དགེ་སྐུལ་ཡང་གང་ས་གང་དུ་བྱེད་རྒྱུ་རེད། ན་ནིང་ལ་བསམ་བློ་བཏང་ན། དངོས་སུ་བླུས་པ་དང་དགེ་སྐུལ་གྲུབ་པ་གཉིས་ཀ་བརྩིས་ན་སེམས་ཅན་དུང་ཕྱུར་ཉི་ཤུ་རྩ་བཞི་ལྔ་ཞིག་སྲོག་བླུ་ཐུབ་སོང་བ་རེད། དེའི་ནང་ནས་ཀྱང་རྟ་ནོར་ལུག་གསུམ་རྐྱང་པའང་ཟོང་འཁོར་༢༥༠ཙམ་ཞིག་བླུས་ཡོད་པ་རེད་ཟེར། དེས་ན། ད་ལོ་ཡང་ཞག་བརྒྱ་མཇུག་གྲིལ་དུས་ན་ནིང་ཙམ་ཞིག་མ་འགྲུབ་ནའང་། སེམས་ཅན་དུང་ཕྱུར་བཅུ་ཕྲག་གཅིག་ཡར་མར་ཞིག་གི་སྲོག་བླུ་ཐུབ་འགྲོ་ངེས་པ་རེད།

  བླུ་བའི་དུས་ཡུན་ལ་བསམ་བློ་བཏང་ན། སྔོན་མ་མཁན་པོ་ཟླ་ཚེས་ཞག་བརྒྱ་ཟེར་དུས་ཉིན་གཉིས་གསུམ་རེ་ལ་མལ་གསོས་ནས་ཡང་བླུ། དེ་ལྟར་ཞག་མ་བརྒྱའི་བར་དུ་སྲོག་བླུ་བྱེད་བཞིན་ཡོད་རྒྱུ་དྲན་བྱུང་ཡང་། ན་ནིང་ཁོང་རིག་བསྙུངས་ནས་ཁྲིན་ཏུའུ་ལ་མར་བྱོན་ནས་དངོས་སུ་སྲོག་བླུར་ཞུགས་པ་རེད། དེ་དུས། ཨ་ཙི། ཞག་མ་བརྒྱ་ཡི་བར་དུ་ཉིན་གཅིག་ཀྱང་མི་ཆད་པར་ཉིན་ལྟར་སྔ་ལངས་ཉལ་ཕྱི་འདི་འདྲ་རྐྱང་རྐྱང་བྱེད་དགོས་དུས། བླུ་བྱེད་ཀྱི་རྒྱུ་ཞིག་འཛོམས་ནའང་བླུ་མཁན་མྱི་རྣམས་ཀྱི་ཚེགས་ཀྱིས་མི་རོགས་རྒྱུ་ཞིག་རེད།   ངོ་མ་འཇིག་རྟེན་གྱི་ཁམས་ན་འདི་འདྲའི་དགེ་རྩ་ཆེན་པོ་ཞིག་ཡོད་ས་མི་འགི་གསུངས་པ་ལྟར་ཞག་མ་བརྒྱ་དེ་ཡང་ཞག་བསྟུད་མ་བརྒྱ་ཐམ་པ་ལ་བླུ་བ་རེད།

  བླུ་བྱའི་སེམས་ཅན་ལ་བསམ་བློ་བཏང་ན། ཆུ་ལ་གནས་པའི་ཉ་རུས་ལྕོང་གསུམ་དང་། མཐོངས་ལ་གནས་པའི་འདབ་ཆགས་ཀྱི་རིགས། དེ་ནས་ངེད་ཅག་བོད་ཡུལ་ལྟ་བུ་ནས་བཤས་རར་འཕངས་ཡོད་པའི་རྟ་ནོར་ལུག་གསུམ་ལ་སོགས་པ་སེམས་ཅན་གྱི་རིགས་ཀྱང་ཤིན་ཏུ་མང་པོ་རེད།

  ༈ ད་ལོ་བཤའ་ཤག་ཤག་གི་སྒོ་ཕྱུགས་དེ་ཚེ་ཐར་གཏོང་རོགས།

  དེ་ཡིན་དུས། ཁྱེད་ཆ་ཁས་སྤྱིར་བཏང་དཔེར་ན་ས་འབུ་ཆུང་ཆུང་ཞིག་ཉི་ཚན་ནང་དུ་འཚིག་བཞིན་ཡོད་ན་གྲིབ་མའི་ནང་དུ་འཕེན་རྒྱུ་དང་། ཆུ་ལ་གནས་པ་ཞིག་སྐམ་དུ་ལྷུང་ཡོད་ན་རང་གནས་སུ་ཕར་བཞག་རྒྱུ་སོགས་གང་ཁས་ལེན་བྱས་ཀྱང་ཆོག་དང་ཆོག  ཡང་སྒོས་ཁྱད་པར་ཅན་རང་གི་སྒོ་ཕྱུགས་བཤའ་རྒྱུ་ཡིན་ཤག་ཤག  དཔེར་ན་ད་ལྟ་ནས་བཤའ་རྒྱུའི་མྱིང་བཏགས། འཛུབ་མོ་བཙུགས་ཚར་ས་རེ་ཡོད་ན་དེ་དག་སྲོག་མི་གཅད་རྒྱུ་ཁས་ལེན་བྱས་ན་ཕན་ཡོན་དེ་ལས་ཀྱང་ཆེན་པོ་རེད། རང་ལ་རྟ་ཟོག་ལུག་གསུམ་གང་ཡང་མེད་ཀྱང་། ཐག་ཉེ་དཀར་མཛེས་དང་མ་ཎི་གད་འགོ་ལ་སོགས་པ་ནས་ཉ་རིགས་དང་བྱ་རིགས་རང་གིས་བླུ་རྒྱུ་དང་། དེ་ཡང་རང་ཁེར་མས་བླུ་མ་ཐུབ་ན་མྱི་ཁ་ཤས་མཉམ་དུ་བསྡོངས་ནས་ཉ་རིགས་དང་བྱ་རིགས་ཉུང་ཉུང་རེ་བླུ་རྒྱུའི་ཁས་བླངས་ནའང་བསམ་གྱིས་མི་ཁྱབ་པ་རེད།

  དེ་ནས་རྒྱུའི་འགྲོ་སོང་གཏན་ནས་གཏོང་མ་ཐུབ་ན་ཡང། ཐམས་གོང་དུ་བཤད་པ་བཞིན་འཆི་ལ་ཉེ་བའི་རྩྭ་འབུ་དང་ཤིང་འབུ། ཆུ་འབུ་སོགས་སྲོག་གི་འཇིགས་པ་ལས་བསྐྱབས་ན་དེའང་ཚེ་ཐར་སྲོག་བླུ་རེད།  དེ་བཞིན་དུ་དམར་ཟས་སྤངས་ནས་དཀར་ཟས་ལ་རོལ་ཅི་ཐུབ་བྱས་ན་དེ་ཡང་བརྒྱུད་ནས་སེམས་ཅན་གཞན་གྱི་སྲོག་བླུས་པ་རེད། དེའི་སྟབས་ཀྱིས་རབ་ན་རྒྱུན་དུ་བསམ་པ་བཟང་པོས་བརྩིས་ཟིན་པའི་ཐོག་ནས་དཀར་ཟས་ལ་རོལ་ཐུབ་ན་ཨང་དང་པོ་རེད། དེ་ལྟར་མ་ཐུབ་ནའང་། ཟླ་བ་རེའི་ནང་ནས་ཚེས་པ་བཅུ་དང་བཅོ་ལྔ། ཉེར་ལྔ། གནམ་གང་ལྟ་བུའི་དུས་ཆེན་ཁྱད་པར་ཅན་རྣམས་སུ་དམར་ཟས་སྤངས་ནས་དཀར་ཟས་ལ་རོལ་བའི་གོམས་གཤིས་རེ་ཆགས་ན་དེ་ཡང་དཔེ་མེད་ཡག་པོ་རེད།

  དགེ་སྐུལ་རྩིས་ལེན་པ་ལ་བསམ་བློ་བཏང་ན། ད་སྐབས་བཀྲ་ཤིས་ཁྲི་གླིང་གི་དབུ་འཛིན་མཁན་པོ་སྟོབས་རྒྱལ་ཁོང་རིག་རེད། ཁོང་གིས་བཀོད་སྒྲིག་བཞག་ནས་ཁས་ལེན་གྱི་གྲངས་ཀ་དེ་འབོར་སྡོམ་ཡང་དག་པ་བྱས་ན། ཞག་བརྒྱའི་མཇུག་ཏུ་ཐམས་ཅད་གཅིག་ཏུ་བསྡོམས་ནས་དགེ་བསྔོ་རྒྱས་པ་བྱེད་ཡོང་རྒྱུ་རེད།

  ༈ མཁན་ཆེན་ཤེས་རབ་བཟང་པོའི་ཐུགས་འདུན་གལ་ཆེན་ཞིག 

  ང་རང་ངོས་ནས་བསམ་བློ་བཏང་ན། ད་སྐབས་ཁ་ཟ་ཐབས་དང་རྒྱབ་གོན་ཐབས་གང་ཡང་མི་ཆག་ཁི།  གལ་ཏེ་དེ་ཆག་བྱུང་ན་ཅི་དྲན་མི་ཤེས་མ་གཏོགས། ཁྱེད་ཅག་གིས་ང་ལ་རྒྱུ་རྫས་ལོངས་སྤྱོད་བརྒྱ་འབུལ་སྟོང་འབུལ་བྱེད་པ་ལས་ནི། ཉི་ཚན་ནང་གི་འབུ་གཅིག་སྲོག་བསྐྱབས་ན་དེས་དགའ། ཁྱེད་ཅག་གིས་ང་ལ་ཨི་ཚ་ཨི་ན་ཡི་འཚམས་འདྲི་སྐོར་མའི་སྐོར་མ་བྱེད་པ་ལས་ནི། ད་ལོ་བཤའ་རྒྱུའི་སྒོ་ཁའི་སེམས་ཅན་དེ་ཚེ་ཐར་ཐོངས་དང་དེས་དགའ། དེ་ནི་ཁ་མིན་ཞེ། ཞེ་མིན་གཏིང་གི་སྐད་ཆ་ཡིན། འདི་འདྲའི་དགེ་འདུན་པ་དང་སྐུ་གསུང་ཐུགས་རྟེན་གྱི་མདུན་ནས་ངས་ཤོབ་ལབ་ཀྱང་མི་ལབ། ལ་ལ་ང་དང་ཐུག་དུས་ཁྱོད་ངན་པ་ན་སི་ཟེར་ནས་ངུ་ཁུལ་དང་སེམས་སྡུག་ཁུལ་འདྲ་མི་འདྲ་བྱེད་འདུག  ངོ་མ་ང་ལ་དགའ་མི་ཐམས་ཅད་ཀྱིས་དཔེར་ན། ད་རེས་ས་ཐག་རིང་ཐུང་ཐམས་ཅད་ནས་དགེ་འདུན་པའི་སྐུ་རིམ་བསྒྲུབ་རྒྱུ་དེ་རྐྱང་པ་ཡང་དགེ་འདུན་པ་ཁྲི་ཚོ་དང་ཁྲི་ཚོ་རེད། ངོ་མ་བློ་ཡུལ་དུ་ཤོང་མི་ཐུབ་པ་ལྟ་བུ་རེད། ཁྱིམ་པ་རྣམས་ཡིན་ཀྱང་སྒོ་ཁ་དེ་ན་ལུག་རྒན་གཅིག་མ་གཏོགས་མེད་ནའང་དེའི་རྣ་ཅོ་ང་ལ་སྦྱིན་ཡོང་ལེ་རེད། ཡང་ལ་ལ་ཞིག་སེམས་གཏིང་ནས་མི་དགའ་ཡང་ཁ་ཡག་ཨང་དང་པོ་རེ་བཤད་ནས་བུད་འགྲོ་བ་རེད་དེ། ཁྱེད་ཅག་གིས་ཁ་ཡིས་སྙན་པོ་མང་པོ་བཤད་མི་དགོས། ང་རང་ད་སྔོན་ཡན་ཆོད་ཟླ་བ་བཅུ་ལྷག་ཞིག་ལ་ན་བཞག་པ་རེད་དེ་ཁྱེད་ཆ་ཁ་ང་ས་ལ་ནད་འདྲི་ཡོང་མ་ཡོང་ཡོད་མ་རེད། འདྲི་བྱེད་ལ་བསམ་བློ་བཏང་ནའང་གཞན་པ་གང་ཡང་མི་དགོས། གོང་དུ་བཤད་པ་བཞིན་དུ། ཁྱེད་ཅག་གིས་སྲོག་གཅོད་སྤངས་ནས་སྲོག་བླུ་ལ་རྩོན་དང་ང་ལ་དེ་ལས་དགའ་གང་ཡང་མེད།

  ༈ སྐྱབས་རྗེ་ཡིད་བཞིན་ནོར་བུ་སློབ་བརྒྱུད་དང་བཅས་པའི་སྲོག་བླུའི་དགེ་རྩ་རྒྱ་མཚོ་དང་འབྲེལ་བ།

  ང་རང་དགའ་བ་ཙམ་གྱིས་ཕན་པ་ཆེན་པོ་ཞིག་མི་འདུག་ཀྱང་། སྤྱིར་སེམས་ཅན་རྣམས་ལ་མི་འཇིགས་པ་སྐྱབས་ཀྱི་སྦྱིན་པ་བྱིན་ན། དེ་དག་ལ་ཚེ་འདིར་དེ་ལས་ཕན་ཐོགས་ཆེ་བ་ཞིག་མེད་པ་ནི་གཞན་དཔེ་རང་ལ་བླངས་ན་ཉམས་མྱོང་གིས་ཀྱང་གོ་བ་རེད། དེ་ནས་བླུ་མཁན་ཁྱེད་ཅག་ལའང་ཕན་ཐོགས་ཆེ་བ་བསམ་གྱིས་མི་ཁྱབ་པ་ཡོད་ངེས་པ་རེད། ཡོད་པའི་རྒྱུ་མཚན་ཡང་། སྤྱིར་བཏང་སྟོན་པ་རྫོགས་པའི་སངས་རྒྱས་ནས་བཟུང་སྟེ་རྗེས་འཇུག་མཁས་པ་ཐམས་ཅད་ཀྱིས་སྲོག་བླུའི་ཕན་ཡོན་དང་སྲོག་གཅོད་ཀྱི་ཉེས་དམིགས་བསྟན་པའི་ལུང་ཚད་མ་རྐྱང་པ་དེའང་འདོན་རྔ་མི་བུད་རྒྱུ་ཞིག་གསུངས་ཡོད་རྒྱུ་དེ་གཅིག་ལ་བསམ་བློ་བཏང་ནའང་རང་ལ་ཕན་ཡོན་ཆེ་བ་ཧ་གོ་ཐུབ་པ་རེད།

  ཡང་སྒོས་ཁྱད་པར་ཅན་ད་རེས་ཞག་བརྒྱའི་སྲོག་བླུ་འདི་དང་འདི་ལྟ་བུ་ལ་ཞུགས་ན། འུ་ཅག་གི་དགེ་བའི་རྩ་བ་འདི་ཡང་། རང་རེ་རྣམས་ལ་བཀའ་དྲིན་འགྲན་ཟླ་དང་བྲལ་བ་སྐྱབས་རྗེ་ཡིད་བཞིན་ནོར་བུའི་དགེ་རྩ་རྒྱ་མཚོ་དང་། ཁོང་གི་བརྒྱུད་པ་འཛིན་པའི་བསྟན་འཛིན་གྱི་སྐྱེས་བུ་རྣམས་ཀྱི་དགེ་རྩ་རྒྱ་མཚོ་དང་འབྲེལ་འགྲོ་བ་རེད། འགྲོ་བའི་རྒྱུ་མཚན་ཡང་། སྐྱབས་རྗེ་ཡིད་བཞིན་ནོར་བུ་ཁོང་རིག་ཞལ་བཞུགས་པའི་སྐབས་སུ་རྒྱུན་དུ་ཐུགས་རྗེ་དང་སྨོན་ལམ་གྱི་སྒོ་ནས་ཁོང་བརྒྱུད་པ་དང་བཅས་པའི་དགེ་རྩ་དང་འབྲེལ་འགྲོ་ཞེས་བཀའ་གསུང་མི་འཇིགས་སེངྒེའི་ང་རོ་བསྒྲགས་མྱོང་བ་རེད། དེའི་སྟབས་ཀྱིས་ཁྱེད་ཆ་ཁས་སྲོག་བླུ་འདིའི་ནང་ལ་འབྲེལ་འཇོག་ཕྲན་བུ་ལས་མ་ཐུབ་ཀྱང་། མྱི་རེ་རེ་བཞིན་དུ་དགེ་རྩ་རྒྱ་མཚོ་ལྟ་བུ་ཞིག་ཐོབ་རྒྱུ་ཡོད་ངེས་པ་ཅན་རེད། སྐྱབས་རྗེ་ཡིད་བཞིན་ནོར་བུ་དང་ཁོང་རིག་གི་བརྒྱུད་འཛིན་རྣམ་པའི་ཡོན་ཏན་ངས་གསལ་བཤད་དགོས་པ་ཞིག་མ་རེད། སྐྱབས་རྗེ་ཡིད་བཞིན་ནོར་བུའི་སློབ་མ་ཐམས་ཅད་ལས་མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་ཐ་མ་དེ་ང་རང་ཡིན་རྒྱུ་རེད་དེ། ང་ཁེ་རུ་མས་ད་སྔོན་ཡན་ཆད་དངོས་སུ་བླུས་པ་དང་གཞན་ལ་དགེ་སྐུལ་བྱས་པ་དེ་གཅིག་པུའང་། སྲོག་བླུ་དུང་ཕྱུར་བརྒྱ་ཕྲག་དང་བརྒྱ་ཕྲག་རེད་མ་གཏོགས་དུང་ཕྱུར་གཅིག་གཉིས་ཙམ་མ་རེད། ད་ལོ་རྐྱང་པ་ལའང་སྲོག་བླུ་དུང་ཕྱུར་བཅུ་ནི་འགྲུབ་ངེས་པ་རེད། ད་རུང་ཡང་ལམ་ལ་སོང་ན་དུང་ཕྱུར་ཉི་ཤུ་སུམ་ཅུ་ཡར་མར་འགྲུབ་འགྲོ་ནའང་མི་ཤེས། དེས་ན་ཁྱེད་ཆ་ཁས་དགེ་བའི་རྩ་བ་འདི་དང་འབྲེལ་སོང་ན། ཚེ་འདི་ལ་སྐྱིད་པོ་དང་ཕྱི་མ་ལ་བདེ་མོ་ཡོང་བྱེད་འདི་ལས་ཕན་ཐོགས་ཆེ་བ་མི་འདུག དེས་མི་ཚད་རང་གི་རྒྱུད་པ་དང་བཅས་པ་ཡང་ཚེ་འདིར་སྐྱིད་བྱེད་བདེ་བྱེད་དང་། ཕྱི་མར་བདེ་ནས་བདེ་བར་སངས་རྒྱས་ཀྱི་གོ་འཕང་འཐོབ་བྱེད་ཀྱང་འདི་ལས་ལྷག་པ་ཞིག་མེད་པའི་ཕྱིར་ན། ཐམས་ཅད་པོས་སྲོག་གཅོད་སྤོང་བ་དང་སྲོག་བླུའི་དམ་བཅའ་རེ་ཐུབ་ན་དེ་ལས་དགེ་མཚན་ཆེ་བ་མེད་རྒྱུ་ཅན་དེ་འདྲ་རེད།

  ད་རུང་ཡང་ཁྱེད་ཅག་གིས་བསྙུང་གནས་ཆོས་འཚོགས་ཀྱི་སྐབས་འདིར་དེ་ལྟ་བུའི་ཁས་ལེན་དམ་བཅའ་རེ་བྱེད་ཐུབ་ན། སྤྱིར་ཚོགས་པའི་དགེ་རྩ་ནི་མེ་དཔུང་ལྟ་བུའི་སྟོབས་ཆེན་པོ་ཡིན་ཚུལ་གསུངས་ཡོད་པ་རེད། ཡང་སྒོས་ཁྱད་པར་ཅན་ཁས་ལེན་བྱ་ཡུལ་བཀྲ་ཤིས་ཁྲི་གླིང་འདི་ལ་བསམ་བློ་བཏང་ན། གནས་ཁྱད་པར་ཅན་དང་རྟེན་ཁྱད་པར་ཅན། འཕགས་པའི་དགེ་འདུན་པ་ཡང་བརྒྱ་ཕྲག་ཁ་ཤས་བཞུགས་ཡོད་སའི་བསོད་ནམས་ཀྱི་ཞིང་བཟང་པོ་ཞིག་རེད། དེས་ན་གནས་འདི་ནས་ཁས་ལེན་ཐུབ་སོང་ན་དེ་བས་ཀྱང་དོན་དང་ལྡན་པ་རེད་འགྲོ་རྒྱུ་རེད།

  ༈ རང་གཞན་དོན་གཉིས་འགྲུབ་པའི་སྲོག་བླུ། 

  ཁས་ལེན་དེ་ཡང་ཁྱེད་ཅག་གིས་རང་མོས་ཀྱི་སྒོ་ནས་བྱེད་དགོས་མ་གཏོགས། མ་མོས་བཞིན་དུ་ཁས་ལེན་བྱེད་མི་དགོས། དེ་ལ་ཕན་ཡོན་ཡང་དེ་ཙམ་ཡིན་རྒྱུ་རེད། ན་ནིང་ལ་ལས་ཤེས་རབ་བཟང་པོས་ཁོང་ཆ་ཁ་ལ་ཟས་མནར་བཟོས་བྱུང་། གོས་མནར་བཟོས་བྱུང་། ཁོང་ཆ་ཁ་ལ་སྒོ་བཤས་བཤའ་མི་འཇུག་མཁན་ཤེས་རབ་བཟང་པོ་རེད་ཟེར་འདུག་ཟེར། ངས་ནི་ངོ་མ་མྱི་འབྲུ་གཅིག་ལའང་སེམས་ཅན་བཤའ་མི་ཆོག་ཟེར་མ་མྱོང་།

  ཡིན་ནའང་ང་རང་གྲྭ་པ་བླ་མ་ཞིག་གི་ལུས་རྟེན་རེད། ཡང་སྒོས་ཁྱད་པར་ཅན་ཕོ་ལོ་ཉི་ཤུ་རྩ་བཞི་ལྔ་ནས་སྐྱབས་རྗེ་ཡིད་བཞིན་ནོར་བུས་ང་ལ་མཁན་པོ་ཞིག་གི་མྱིང་བཏགས་པ་རེད། ད་སྔོན་ཡན་ཆོད་ངས་ཆོས་ཁྲིད་བཤད་པའི་སྐབས་སུ་སེམས་ཅན་བཤས་ན་ཉེས་པ་ཆེ་ཟེར་མྱོང་། མ་བཤས་ནས་ཚེ་ཐར་བཏང་ན་ཕན་ཡོན་ཆེ་ཟེར་མྱོང་། དེ་ནི་ལན་གྲངས་གཅིག་ཙམ་མ་ཡིན་པར་སྐོར་མའི་སྐོར་མ་བཤད་མྱོང་། དེ་ནི་ང་རང་གིས་རྒྱལ་བའི་བཀའ་དང་རྗེས་འཇུག་མཁས་པའི་བསྟན་བཅོས་གཉིས་ལས་བྱུང་བའི་སྲོག་གཅོད་ཀྱི་ཉེས་དམིགས་དང་དེ་སྤོང་བའི་ཕན་ཡོན་རྣམས་ལ་ཡིད་ཆེས་པའི་རྗེས་ཟློས་བྱས་པ་ཙམ་རེད། དེ་ལ་འགལ་བ་ཅི་ཡང་ཡོད་རྒྱུ་མ་རེད། རེད་དེ་སེམས་ཅན་བཤའ་ཆོག་དང་མི་ཆོག བཤས་ཉོ་བཤས་ཚོང་རྒྱག་ཆོག་དང་མི་ཆོག་གི་སྐད་ཆ་ཞིག་བཅོམ་ལྡན་གྱིས་ཀྱང་གསུངས་ཡོད་མ་རེད། ངེད་ཅག་ཁོང་གི་རྗེས་འཇུག་རྣམས་ཀྱིས་རྒྱ་སྒོ་མེད་སར་བློ་སྒོ་ཅིའི་ཕྱིར་ན་གཏོད། དེ་བརྫས་ན་སུས་ཁ་ལ་ཡང་ཉན་རྒྱུ་མ་རེད་ལ་བཅོམ་ལྡན་འདས་ཀྱི་དགོངས་པ་དང་ཡང་མཐུན་པ་མ་རེད། 

  རེད་དེ། སེམས་ཅན་མ་བཤའ་དང་སྡིག་པ་མ་བསག་ཟེར་རྒྱུ་དེ་ངེད་ཅག་གྲྭ་པ་བླ་མའི་ལས་འགན་རེད། དེའི་སྟབས་ཀྱིས་ངེད་བཀྲ་ཤིས་ཁྲི་གླིང་ལ་བསམ་བློ་བཏང་ན་བན་རྒན་ཟླ་ཚེས་དབུ་བྱས་ནས་རང་གི་བསམ་འདུན་ཡོད་རྒྱུ་བོ་ཅུང་ཟད་རེ་མ་འགྲུབ་ན་ཨི་འགྲུབ་ལྟ་རྒྱུ་ཡིན་ཟེར་ལེ་རེད། དེ་མ་གཏོགས་ད་སྔོན་ཡན་ཆོད་ཀྱང་བཙན་བཙུགས་ནས་སུ་ལ་ཁས་ལེན་གྱིས་ཟེར་མ་མྱོང་ལ་ད་ཕྱིན་ཆད་ཀྱང་དེ་ཟེར་རྒྱུ་མ་རེད། ཡིན་ནའང་། ཁྱེད་ཅག་གིས་ངོ་མ་ལྷག་བསམ་རྣམ་དག་གིས་ཚེ་ཐར་ཁས་ལེན་རེ་བྱས་ན་ནི་རོགས་དོན་རང་དོན་གཉིས་ཀ་དེས་འགྲུབ་པ་རེད།

  ༈ ཆོས་ཡང་དག་སྒྲུབ་པའི་ཆོས་པ་ཞིག་བྱེད་དགོས།

  སྤྱིར་བཏང་དེ་བཞིན་གཤེགས་པའི་མདོ་སྡེ་དང་རྗེས་འཇུག་མཁས་པའི་བསྟན་བཅོས་ལས། གཞན་ལ་མི་འཚེ་བ་དང་གཞན་ལ་བྱམས་པ་དང་སྙིང་རྗེ་བསྒོམ་རྒྱུ་དེ་ཆོས་ཡིན་གསུངས་ཡོད་པ་རེད། གཞན་ལ་འཚེ་བའི་ལས་བྱས་ན་དེ་ལ་ཆོས་མི་ཟེར། ལས་དེ་བྱེད་མཁན་གྱི་གང་ཟག་རྣམས་ལ་ཆོས་པ་མི་ཟེར། འཚེ་ཞེས་པ་གནོད་པ་ལ་ཟེར་བ་རེད། དཔེར་ན་ཡིད་ཀྱི་སྒོ་ནས་གནོད་སེམས་འཆང་ན་ཡང་འཚེ་བ་རེད། ཡང་སྒོས་ཁྱད་པར་ཅན་གནོད་སེམས་དེ་ལུས་ངག་གི་བྱ་སྤྱོད་ལ་ཐོན་ནས་གཞན་གྱི་སྲོག་གཅོད་པ་ལྟ་བུའི་ལས་བསྒྲུབས་ན་འཚེ་བ་ཀུན་གྱི་རྒྱལ་པོ་རེད། དེ་ལྟར་མ་ཡིན་པར་ལུས་ངག་ཡིད་གསུམ་གང་གིས་ཀྱང་མིར་གྱུར་བའི་སེམས་ཅན་ཙམ་མ་ཡིན་པར་སེམས་ཅན་བཙན་གཉོམ་ཐམས་ཅད་ལ་རྩ་བ་མི་འཚེ་བའི་ཐོག་ནས་བྱམས་པ་དང་སྙིང་རྗེ་འདྲ་མཉམ་དུ་བསྒོམས་ན་ཆོས་ངོ་མ་དེ་དེ་ཡིན་གསུངས་ཡོད་པ་རེད།

  དེའི་ཕྱིར་ན་ཐམས་ཅད་ཀྱིས་སྲོག་གཅོད་སྤོང་རྒྱུ་དང་སྲོག་བླུ་འདི་ལ་རྒོད་རྒོད་བྱོས་དང་། གནངས་ཉིན་གྲངས་འབོར་བསྡོམ་དུས་སེམས་ཅན་མང་ལ་ལ་རེ་སྲོག་ཁྲིམས་ལས་ཐར་འགྲོ་རྒྱུ་རེད། ཐམས་ཅད་ཀྱིས་ཁ་ཕོ་ཡང་སྒྲིམ་ཞིག་བྱོས་དང་། ལ་ལ་དེས་མགོ་སེར་གྱི་ལི་ལི། ཁ་ནང་གི་སོ་ལྷུང་མ་ཡོང་བར་དུ་གསོད་གཏུབ་བྱས་པ་རེད་དེ། ལམ་ལ་སོང་ན་ཕོ་བ་མ་ལྟོགས་ཙམ་ཞིག་ཡོང་ཡོད་རྒྱུ་རེད། དེ་ཡང་བཤས་ནས་སྡིག་པ་བྱས་པའི་སྟོབས་ཀྱིས་ཕོ་བ་མ་ལྟོགས་པ་ཡོང་བ་ཡིན་རྒྱུ་མ་རེད། ཚེ་རབས་སྔ་མའི་བསོད་ནམས་ཀྱི་མཇུག་མ་ཅུང་ཙམ་ཡོད་པ་བརྟེན་ནས་ཡོང་བ་ཡིན་རྒྱུ་རེད། མང་ཆེ་ཤོས་ཕོ་རྒྱགས་ཙམ་ཡང་ཡོང་ཨི་ཡོད་མི་ཤེས། དེ་ཡིན་དུས། རབ་ན་ཁྱེད་ཅག་གིས་སྒོ་བཤས་གཏན་སྤོང་བྱེད་རོགས། དེ་ལྟར་མ་ཐུབ་ནའང་ལོ་འགའ་རེའམ་ད་ལོ་སང་ཕོད་ཙམ་ལ་ཁས་ལེན་བྱས་བཞག་ནའང་ཚེ་འདིར་འཚོ་བ་བདེ་བྱེད། ཕྱི་མར་རྣམ་ཤེས་ཡང་བྱེད་ལ་ཕན་འབའ་ཞིག་མ་གཏོགས་གནོད་ཅུང་ཟད་ཙམ་ཡང་ཡོད་མ་རེད། དེ་ཐམས་ཅད་པོས་སེམས་ལ་བཟུང་སྟེ་སྲོག་གཅོད་སྤངས་ནས་སྲོག་བླུ་རེ་ཁས་ལེན་དམ་བཅའ་བྱེད་རྒྱུ་མ་ཡོ་མ་འཆུག་ཡིན།

  ཞེས་པ་ནི་དབེན་གནས་བཀྲ་ཤིས་ཁྲི་གླིང་གི་སྐབས་གཉིས་པའི་བསྙུང་གནས་ཆོས་འཚོགས་ཆེན་མོའི་ཉིན་གཉིས་པ་སྟེ་མེ་བྱ་ལོའི་སྟོན་ཟླ་འབྲིང་པོའི་ཚེས་༡ཉིན ༸བླ་མ་རིན་པོ་ཆེ་ཤེས་རབ་བཟང་པོ་མཆོག་གིས་གསུངས་པའི་བཀའ་སློབ་ལས་བཏུས་པའོ། །