༄༅། །བརྟན་བཞུགས་གསོལ་འདེབས་མི་ཤིགས་རྡོ་རྗེའི་གུར་ཁང་ཞེས་བྱ་བ་བཞུགས་སོ། །


  ཨོཾ་བདེ་ལེགས་སུ་གྱུར་ཅིག །

  མི་ཤིགས་ཐིག་ལེའི་ངོ་བོ་ཧྲཱིཿཡིག་ཁམས། །

  བྱུ་རུའི་ལྷུན་པོར་སྨིན་པའི་སྣང་མཐའི་མགོན། །

  འཛམ་གླིང་གྲུབ་བརྒྱའི་སྤྱི་གཙུག་འཁོར་སྒྱུར་གཟུགས། །

  རྒྱལ་དབང་པདྨ་ཀ་རས་རྟག་སྐྱོངས་ཤིག །

 

  ས་ཆེན་གུར་གུམ་གདལ་འདྲའི་འདུས་སྡེ་ཆེར། །

  ཐུབ་བསྟན་སྣང་བའི་བདག་པོ་ཡིད་བཞིན་ནོར། །

  བཤད་སྒྲུབ་གྲགས་པ་དཀར་པོའི་བ་དན་རླབས། །

  འཛམ་གླིང་ཁྱོན་དུ་གཡོ་བའི་བླ་རུང་པ། །

 

  ཤེ༵ས་བྱའི་འཁོར་ལོ་ཀུན་གསལ་ཁྱོན་ཡངས་པོར། །

  ར༵བ་གསལ་ནམ་མཁའི་ནོར་བུ་འབར་བ་བཞིན། །

  བཟ༵ང་པོ༵འི་ཕྲིན་ལས་རིས་སུ་མ་ཆད་པ། །

  བརྡལ་མཛད་དོན་གྱི་བླ་མར་གསོལ་བ་འདེབས། །

 

  མང་ཐོས་ཁ་བའི་རྡུལ་མང་བརྩེགས་པ་ལས། །

  བསམ་སྒོམ་རླབས་ཀྱི་བ་གམ་མངོན་པར་མཐོ། །

  བསླབ་གསུམ་འཇའ་ཚོན་རྣམ་པ་ལྔས་བཀླུབས་པའི། །

  རྒྱལ་བསྟན་འཛམ་གླིང་ཏོག་ཏུ་བརྗིད་གྱུར་ཅིག །

 

  སྙན་འཇེབས་དོན་བཟང་གསུང་གི་དབྱར་རྔ་ལྡིར། །

  ལོག་རྟོག་བྲག་རི་འཇོམས་པའི་རུ་མཚོན་རྣོ། །

  སྒྲ་དོན་ཕུན་ཚོགས་སྙམ་རྩོམ་གྲུ་ཆར་འཇོ། །

  ངེས་དོན་བསྟན་པའི་གསོས་སུ་ཞབས་བརྟན་གསོལ། །

 

  ཕོངས་གྱུར་འགྲོ་བའི་ལུས་སྲོག་ལོངས་སྤྱོད་དང་། །

  ལུགས་གཉིས་སྲོལ་ལས་འགོངས་པའི་ལས་ངན་རྣམས། །

  བརྩེ་ཆེན་ཐུགས་རྗེས་སྐྱབས་སྦྱིན་མཛད་པའི་སྒོ། །

  བརྒྱ་ཕྲག་བྱེ་བའི་འཕྲུལ་འདི་འཕེལ་གྱུར་ཅིག །

 

  ཁྱད་པར་ཆོས་ལྡན་བྷོ་ཊའི་བརྟན་གཡོ་ཀུན། །

  དམར་པོ་བདུད་ཀྱིས་བཟུང་བའི་ཚུལ་དགོངས་ལ། །

  འཇིག་རྟེན་མགོན་པོའི་བཞེད་པ་དམ་པའི་ཕྱོགས། །

  ཕྲིན་ལས་ཕྱོགས་བརྒྱར་སྤེལ་བའི་ཐུགས་སྟོབས་བསྐྱེད། །

 

  དབྱིངས་རིགས་དབྱེར་མེད་སེམས་ཀྱི་རྡོ་རྗེའི་གར། །

  རྩ་གསུམ་རྒྱ་མཚོར་འཆར་བའི་བདེན་བྱིན་གྱིས། །

  མགོན་ཁྱེད་ཀུན་བཟང་བཞེད་དགུ་མ་ལུས་པ། །

  གེགས་བྱེད་མེད་པར་ལྷུན་གྱིས་འགྲུབ་གྱུར་ཅིག །

 

  ཅེས་བརྟན་བཞུགས་གསོལ་འདེབས་མི་ཤིགས་རྡོ་རྗེའི་གུར་ཁང་ཞེས་བྱ་བ་འདི་ཡང་སྔོན་གྱི་ཐུགས་བསྐྱེད་བཟང་པོ་དུས་སུ་སྨིན་པའི་བསྟན་འགྲོའི་དཔལ་མགོན་ཆེན་པོ་བླ་ན་མེད་པ་ངེས་པ་དོན་གྱི་མཁས་ཆེན་དམ་པ་ཤེས་རབ་བཟང་པོ་མཆོག་ཞབས་ཟུང་བརྟན་ཅིང་བཞེད་དགུ་འགྲུབ་པའི་གསོལ་འདེབས་འདི་ལྟ་བུ་ཞིག་དགོས་ཞེས་ཚ་མོ་སྡོམ་བརྩོན་པ་བསྟན་འཛིན་བདེ་ལྡན་ནམ།  ཚེ་རིང་ཆོས་མཚོ་མཆོག་ནས་རྟེན་ལྷ་རེག་དང་བཅས་པ་གནང་ནས་ཇི་ལྟར་བསྐུལ་བ་བཞིན་འདུ་གསུམ་ཐ་ཤལ་བ་བསོད་ནམས་ཕུན་ཚོགས་ཀྱིས་བོད་རབ་བྱུང་བཅུ་བདུན་པའི་ཤིང་བྱ་ཟླ་དང་པོའི་དཀར་ཕྱོགས་རྫོགས་པ་གཉིས་པའི་ཚེས་ལ་རབ་གུས་དང་བ་ཆེན་པོས་སྦྱར་བའི་ཡི་གེ་པ་ཡང་ཚ་མོ་ཚེ་རིང་ཆོས་མཚོའོ།།  །།