༄༅། ། ལྔ་རིག་སྨྲ་བའི་གཙུག་རྒྱན་མཁན་ཆེན་དམ་པ༸ཤེས་རབ་བཟང་པོ་མཆོག་གིས་ས་གླང་ལོར་བསྟན་དོན་བསྒྲུབས་ཚུལ་ཕྱོགས་ཙམ་བརྗོད་པ་འདོད་འབྱུང་ནོར་བུའི་དོ་ཤལ་ཞེས་བྱ་བ་བཞུགས་སོ། ། ༡༩ ༽


  འདིར་ས་གླང་ལོའི་མཛད་འཕྲིན་མཐོང་ཐོས་སུ་གྱུར་པ་རྣམས་ཕྱོགས་བསྡུས་དང་ལྗགས་མཆིད་འགའ་སོར་བཞག་བྱས་ཤིང་། ལྕགས་སྟག་ལོའི་སྙུང་གཞིའི་སྐབས་ཀྱི་མཛད་འཕྲིན་རྣམས་ཤས་ཙམ་སྨྲས་པ་ཡིན།  སྤྱིར་དམ་པ་འདིའི་མཛད་འཕྲིན་རྒྱས་པར་ཤེས་འདོད་ན་མཁན་བརྩོན་འགྲུས་མཐར་ཕྱིན་གྱིས་མཛད་པའི་རྣམ་པ་ཐར་པའི་གཏམ་དད་གསུམ་ཉི་གཞོན་འདྲེན་པའི་སྐྱ་རེངས།  མཁས་དབང་བསོད་ནམས་བཀྲ་ཤིས་ཀྱིས་མཛད་པའི་སྐྱེས་ཆེན་ངོ་སྤྲོད་དང་མཛད་བསྡུས་མེ་ཏོག་ཚོམ་བུ། མཁན་ཚེ་རིང་དཔལ་འབྱོར་དང་སྤྲུལ་བསྟན་པའི་ཉི་མ་ཟུང་གིས་མཛད་པའི་དཔལ་རྒྱལ་བ་རྩྭ་ཤུལ་དགོན་བཀྲ་ཤིས་མདོ་སྔགས་དར་རྒྱས་གླིང་གི་གདན་རབས་སོགས་ལ་གཟིགས་ཞིབ་གནང་བར་ཞུ་ཞུ།

སླར་སྨྲས་པ།

 

སྨིན་གྲོལ་ཆོས་ཀྱི་འཁོར་ལོ་གཡས་སུ་བསྐོར།  །

བདེ་ལྡན་ཐར་བའི་འཕྲུལ་སྐས་ཉེར་བཙུགས་པའི།  །

གཞལ་མེད་བཀའ་དྲིན་སྲིད་པའི་ཕ་མཐའ་རུ།  །

ནམ་ཡང་བརྗེད་པ་མེད་དོ་རིགས་ཀྱི་བདག །

 

དལ་འབྱོར་ལན་གཅིག་ཐོབ་པའི་དོན་པོ་ལ།  །

འདི་ལྟའི་འཕགས་ཆེན་དམ་པའི་མཛད་འཕྲིན་གྱི།  །

ཆ་ཡི་ཆ་ཤས་ཙམ་ཡང་སྨྲ་བ་ལ།  །

དམན་པ་བདག་ཀྱང་ཅི་འདྲའི་སྐལ་བཟང་སེམས།  །

 

འདི་འབད་རྣམ་དཀར་དགེ་བའི་འབྲས་བུ་ཡིས།  །

མཐའ་མེད་སྲིད་པའི་རྒྱ་མཚོ་འཁྲུགས་པའི་ཀློང་།  །

ལས་ཉོན་རྦ་རླབས་དྲག་པོས་ཉེར་བདས་པའི།  །

མ་གྱུར་འགྲོ་རྣམས་རྫོགས་བྱང་ཐོབ་གྱུར་ཅིག།

 

  ཅེས་པ་ནི་དམ་པ་འདིའི་ཞབས་རྡུལ་སྤྱི་བོས་རེག་པའི་སྐལ་བཟང་ཅན་བཀྲ་ཤིས་དབང་ཕྱུག་ཏུ་འབོད་པས་མདོ་སྨད་གསེར་མོ་ལྗོངས་ཕྱོགས་བླ་རུང་ཆོས་ཀྱི་གྲོང་ཁྱེར་གྱི་ཤར་ཉེས་ཚོགས་རང་གྲོལ་གླིང་ནས་ལྕགས་སྟག་ལོའི་ས་ག་ཟླ་བའི་ཚེས༢༥ཉིན་མཇུག་གྲུབ་པར་བགྱིས་སོ། །དགེའོ།  །དགེའོ།  །དགེའོ།  །