༄༅། །ལྔ་རིག་སྨྲ་བའི་གཙུག་རྒྱན་མཁན་ཆེན་དམ་པ༸ཤེས་རབ་བཟང་པོ་མཆོག་གིས་ས་གླང་ལོར་བསྟན་དོན་བསྒྲུབས་ཚུལ་ཕྱོགས་ཙམ་བརྗོད་པ་འདོད་འབྱུང་ནོར་བུའི་དོ་ཤལ་ཞེས་བྱ་བ་བཞུགས་སོ། ། ༡༨ ༽


  དེ་ནས་བླ་རུང་སྒྲར་གྱི་རྒྱུན་ལས་ཀྱི་མཁན་སྤྲུལ་རྣམ་པ་སྙུང་འདྲིར་ཕེབས་ཤིང་སློབ་སྟོན་ཚོགས་པ་དང་འཛིན་གྲྭའི་མཁན་པོ་རྣམ་པའང་ཕེབས་ནས་སྙུང་འདྲི་ཞུས། ཚེས༡༡ཉིན་ཆོས་ཚོགས་དྲུག་དང་སྨན་ཁང་སོགས་ལ་སྒོར་འབུམ་ཐེར་ཁ་ཤས་ཀྱིས་ཞལ་འདེབས་ཕུལ། ཚེས༡༨དང༡༩སྟེ་ཉིན་གཉིས་ལ་ཆོས་སྡེ་ཁག་བཞིའི་འདུས་སྡེ་ཡོངས་ལ་གདུགས་ཚོད་ཀྱི་མཆོད་པ་ཕུལ། རྒྱུན་ལས་ཀྱི་མཁན་སྤྲུལ་རྣམ་པས་ཐུགས་གྲོས་མཛད་དེ་༧དམ་པ་འདི་ཉིད་སྨན་ཁང་དུ་ཕེབས་རྒྱུ་དང་འཆི་མེད་ཚེ་མཐའ་ཡས་པའི་ངོ་བོར་འཚོ་ཕྱིར་སྐུ་རིམ་བསྒྲུབ་རྒྱུའི་ཐག་བཅད་ནས་ཚེས༢༠ཉིན་ཆོས་སྡེ་ཁག་བཞིའི་འདུས་སྡེ་ཡོངས་ཀྱིས་ཉེར་སྤྱོད་ལྔའི་མཆོད་པ་དང་སྦྲེལ་ཞིང་ཀུན་མཁྱེན་མི་ཕམ་རྒྱ་མཚོའི་སྨན་བླའི་ཆོ་ག་བདུད་རྩིའི་བུམ་བཟང་ཁྲི་ཚར་ལྷག་བཏོན།  ཉིན་འདིར་དམ་པ་མཆོག་སྨན་ཁང་དུ་ཕེབས་སོང་།  སླར་ཡང་ཟླ༤པའི་ཚེས༡༦ཉིན་བླ་རུང་ཆོས་ཀྱི་གྲོང་ཁྱེར་གྱི་འདུས་སྡེ་ཡོངས་ཀྱིས་དམ་པ་འདི་གཙོས་སྙུང་བབ་ལྕི་བ་རྣམས་སྐུ་ཚེ་རིང་འཚོའི་ཆེད་ཉེར་སྤྱོད་ཀྱི་མཆོད་པ་རྣམ་ལྔ་དང་སྦྲེལ་ནས་སྨན་ཆོག་ཚར་འབུམ་ལྷག་བཏོན།  དེ་ནས་ཁོང་ཉིད་དབེན་གནས་བཀྲ་ཤིས་ཁྲི་གླིང་དུ་ཞབས་སོར་འཁོད་དེ་ཟླ་གཅིག་ལྷག་ཏུ་དཔལ་རྡོ་རྗེ་གཞོན་ནུའི་བསྙེན་སྒྲུབ་ལ་གཞོལ།  ས་འགུལ་གྱིས་གནོད་པ་ཚབ་ཆེན་ཐེབས་པའི་ཡུལ་ཤུལ་དུ་སྐུ་དངོས་ཕེབས་མ་ཐུབ་ཀྱང་སྔོན་རྗེས་གཉིས་ལ་སྒོར་མོས་རོགས་སྐྱོར་ཅི་མང་གནང་། སླར་ཡང་སྨན་བཅོས་སུ་ཕེབས་སོང་བས་དད་གསུམ་ཆར་རྒྱུན་གྱིས་སེམས་རྒྱུད་བརླན་པའི་ཕྱོགས་དང་ཕྱོགས་ཀྱི་ལྷ་སྡེ་མང་པོས་དམ་པ་འདིའི་ཞབས་པད་ཡུན་དུ་བརྟན་ཕྱིར་ཚེ་ཐར་གྲངས་མང་ཕུལ་བས་ཚེ་ཐར་ཁྲི་ལ་ཉེ་བ་བྱུང་། དེ་ལྟའི་འཕགས་བོད་ཀྱི་སྐྱེས་ཆེན་དམ་པ་རྣམས་དང་དགེ་འདུན་འདུས་པ་རྒྱ་མཚོའི་ཐུགས་རྗེའི་བདེན་མཐུས་དང་ཉིད་ཀྱི་ཐུགས་བསྐྱེད་བླ་ན་མེད་པའི་སྟོབས་ཀྱིས་ཟླ་བ་སྤྲིན་བྲལ་བཞིན་སྙུང་གཞི་ལས་གྲོལ་ཏེ་ཟླ༨ཚེས༢༣ཉིན་བཀའ་དྲིན་འཁོར་ཐབས་བྲལ་བའི་ཕ་གཅིག་བླ་མའི་གདན་ས་གསེར་ལྗོངས་བླ་མ་རུང་ལྔ་རིག་ཆོས་ཀྱི་གྲོང་ཁྱེར་དུ་ཞབས་པད་འཁོད་ཅིང་སྔར་ལྟར་རྒྱུན་ལས་ཀྱི་གཙོར་འགན་བཞེས་ཏེ་གྲོས་མོལ་གྱི་ཚོགས་གཙོར་ཐེངས་མང་ཕེབས། 

  ཟླ༡༠ཚེས༡ཉིན་ལོ་དུས་ལྟར་སྲོག་བླུ་ཕེབས། དམ་པ་འདིས་སྤྱི་ལོ༡༩༩༧ནས༢༠༡༠ལོ་འདིའི་བར་ཟོག་ལུག་ཁྲི་ལྷག་དང་ཉ་སྦལ་དུང་ཕྱུར་བརྒྱ་ལྷག་མཛད།  གཞན་ཡང་ལོ་འདིར་ཁོང་གིས་མི་རིགས་མང་པོ་སྐྱབས་སུ་འགྲོ་བའི་ཆོས་སྒོ་རུ་བཙུད་ནས་སྔོན་འགྲོ་འབུམ་ལྔ་བསགས་སྦྱོང་བཅུག་ཅིང་། སྐྱེ་བ་སྔ་ཕྱིའི་རྣམ་བཞག་དང་བྱམས་སྙིང་རྗེ་དང་བྱང་ཆུབ་སེམས་ཀྱི་ཕན་ཡོན། བདེ་བ་ཅན་དུ་སྐྱེ་བའི་རྒྱུ་བཞི། འདའ་ཁའི་ཞལ་ཆེམས་ཚིག་གསུམ་མ་སོགས་ཀྱིས་མཚོན་གདུལ་བྱ་རང་རང་དང་འཚམས་པའི་ལུང་དང་རྟོགས་པའི་ཆོས་ཀྱི་འཁོར་ལོ་སྐོར་བཞིན་ད་ལྟར་སྐུ་ཚེ་མི་ཤིགས་རྡོ་རྗེ་ཆོས་བདུན་གྱི་ངོ་བོ་རུ་དགྱེས་ཤིང་བཞུགས་པ་ལགས་སོ།  །