༄༅། ། ལྔ་རིག་སྨྲ་བའི་གཙུག་རྒྱན་མཁན་ཆེན་དམ་པ༸ཤེས་རབ་བཟང་པོ་མཆོག་གིས་ས་གླང་ལོར་བསྟན་དོན་བསྒྲུབས་ཚུལ་ཕྱོགས་ཙམ་བརྗོད་པ་འདོད་འབྱུང་ནོར་བུའི་དོ་ཤལ་ཞེས་བྱ་བ་བཞུགས་སོ། ། ༡༧ ༽


  ཟླ༡༠པའི་ཚེས༢༥ཡས་མས་སུ་དམ་པ་འདི་ལ་ཉིན་མཚན་བདུན་བརྒྱད་ཙམ་དུ་གཟིམ་མི་འོང་བའི་སྙུང་གཞི་ལྕི་མོ་ཞིག་བྱུང་སྟེ་སྨན་དཔྱད་ཇི་ལྟར་བྱས་ཀྱང་ཕན་པ་མ་བྱུང་བས།  དེ་ལས་གྲོལ་ཆེད་དགེ་སྐུལ་བྱུང་བའི་རིམ་པ་ནི།  ཉ་སྲོག་བླུ་དུང་ཕྱུར་ཉེ་དགུ་ལྷག    ཟོག་ལུག་ཉིས་སྟོང་ལྷག་གི་སྲོག་བླུ། ཡིག་བརྒྱ་བྱེ་ཆེན་དྲུག་ལྷག        མ་ཎི། སིདྡྷི། ས་ཏྭ་བཅས་དུང་སུམ་བརྒྱ་ལྷག        མར་མེ་བྱེ་ཆེན་ལྷག        བསྙེན་གནས་སྡོམ་གྲངས་ཁྲི་གསུམ་ལྷག དད་ལྡན་སྟོང་ཕྲག་གཉིས་ལྷག་གིས་དགེ་བསྙེན་བསྒྲུབ་པའི་དམ་བཅས། འདི་གཅིག་པུའི་འགྲོ་དོན་ཀྱང་ནམ་མཁའི་ཕ་མཐར་བརྡལ།  ལྕགས་སྟག་ལོ་འདིར་བླ་རུང་ཆོས་སྡེ་ཆེན་མོའི་སྤྱིའི་ཐུགས་འགན་བཞེས་པ་ལ་ཁེལ་ཡོད་ཀྱང་སྙུང་གཞི་ལྕི་བའི་རྐྱེན་གྱིས་དུས་ཐོག་ཏུ་ཕེབས་མ་ཐུབ།

  ལྕགས་སྟག་ལོའི་ཟླ༡པོའི་ཚེས༡༧ཉིན་ངེད་ཅག་གྲུབ་དབང་བླ་མ་རིན་པོ་ཆེ༧ལུང་རྟོགས་རྒྱལ་མཚན་མཆོག་གི་སྐུ་མདུན་དུ་བཅར་ནས་མཁན་ཆེན་མཆོག་ད་སྐབས་སྙུང་བབ་ཤིན་ཏུ་ལྕི་འདུག་པས་མཆོག་ཉིད་ཀྱིས་དགོངས་བབ་ལུང་བསྟན་ཞིག་གནང་རོགས་ཞུས་པས། ཁོང་གིས་འོ་ཡ་ཡ། ཤེས་རབ་བཟང་པོ་ཕ་བཟང་གི་བུ། ཁྱེད་བྱོན་ཆུས་མ་བྱེད་བཞུགས་ཆུས་གྱིས་རྫོས།སེམས་ཅན་མང་པོ་འདི་འདྲ་ཞིག་ལུས་འདུག    ང་རང་ལྟར་བུ་ཡིན་ན་ཕོ་ལོ༨༤རེད། ཤིང་སྡོང་པོ་ཞིག་ལ་དཔེ་མཚོན་ན་ཧ་ལམ་འགྱེལ་རན་སར་ཐུག་ཚར་ནི་རེད། ཁྱེད་ལོ་ཉུང་དེ་འདྲ་བྱོན་འགྲོ་རྒྱུ་ག་ལ་ཡོད་རྫོས། ངའི་སྐད་འདི།  ཁྱེད་ཅག་གིས་མཁན་པོ་ཤེས་རབ་བཟང་པོ་ལ་འཕྲོད་ཁ་འཇོག་གསུངས་བྱུང་བས།  གུས་སྤྲོ་དང་བཅས་ལེགས་སོ་ཞུས། ཁོང་གིས་མཁན་པོ་ཤེས་རབ་བཟང་པོ་དགུང་སྙིང་ཅི་རེད་གསུངས།དགུང་སྙིང་ཡོས་ལོ་རེད་ཞུས་པས། ཨོ།    ངེད་གཉིས་ལོ་སྙིང་གཅིག་རེད་འདུག་གསུངས། དེ་ནས་མཉམ་བཞག་མཛད་དེ་ཡུན་རིང་བཞུགས་ཤིང་སྐབས་འགར་ཕྱག་ཕྲེང་རེ་བཅད། དེ་འདྲ་ལན་ཁ་ཤས་མཛད་སོང་། དེ་ནས། འོ་ཡ།  ཕུར་པའི་སྒྲུབ་པ་ཚད་ལྡན་ཞིག་དགོས་འདུག་པས་རཏྣ་གླིང་པའི་ཕུར་པ་དང་ལས་རབ་གླིང་པའི་ཕུར་པ་གཉིས་གང་ཡིན་ན་ཆོག  མདོར་ན་ཕུར་པའི་སྒྲུབ་པ་ཚད་ལྡན་ཞིག་དགོས། ཕུར་བསྙེན་དུང་ཞིག་འགྲུབ་དགོས། མཁན་པོ་ཁོང་རིག་མ་མཐའ་ཡང་ཕུར་པའི་བདུན་མཚམས་ཤིག་བཞུགས་དགོས། དེ་ལྟར་ལེགས་འགྲུབ་གྱིས་དང་སྐུ་སྲོག་ལ་ཉེན་ཁ་མེད་རྒྱུ་ངས་ཁག་དེ་ཁུ ར།ངས་ཁག་དེ་ཁུར་ཞེས་ལན་གཉིས་གསུངས་བྱུང་བས་ལེགས་སོ་ཞུས་ཤིང་ངེད་ཅག་དགའ་སྤྲོའི་ངང་ཕྱིར་བླ་རུང་དུ་འབྱོར་ནས་སྐུ་རིམ་རྣམས་ཚད་འགྲོ་གནད་སྨིན་དུ་བསྒྲུབས། ཟླ༢ཚེས༦ཉིན་མཁན་ཆེན་མཆོག་བླ་རུང་ཆོས་ཀྱི་གྲོང་ཁྱེར་དུ་ཆག་ཕེབས་ཐུབ་ཙམ་བྱུང་ངོ་།    །

  ལྕི་བའི་སྙུང་གཞི་རིང་ནས་བཞེས་པའི་མཐུས།  །

  ལན་བརྒྱར་མཇལ་ཡང་མི་ངོམས་མཐོང་གྲོལ་སྐུ།  །

  ཀྱེ་མ་རིད་ཅིང་མདངས་ཀྱང་ཆེས་ཉམས་པས།  །

  ཀུན་གྱིས་མིག་ཆུས་བཞིན་རས་བརླན་པར་བྱས།  །

  དེ་ནས་ངེད་ཅག་གིས་གྲུབ་དབང་བླ་མ་ཨ་ཁྱུག་རིན་པོ་ཆེའི་གསུང་འཕྲིན་རྣམས་ལྷག་ཆད་མེད་པར་སྙན་གསན་ཕུལ་བས། བླ་མས་ཞལ་འཛུམ་ཙམ་མཛད་དེ། ང་ལ་འགྲོ་འདུག་གི་དབང་ཆ་ཅི་ཡོད་གསུངས།