༄༅། ། ལྔ་རིག་སྨྲ་བའི་གཙུག་རྒྱན་མཁན་ཆེན་དམ་པ༸ཤེས་རབ་བཟང་པོ་མཆོག་གིས་ས་གླང་ལོར་བསྟན་དོན་བསྒྲུབས་ཚུལ་ཕྱོགས་ཙམ་བརྗོད་པ་འདོད་འབྱུང་ནོར་བུའི་དོ་ཤལ་ཞེས་བྱ་བ་བཞུགས་སོ། ། ༡༦ ༽


  ཚེས༤ཉིན་ལམ་བར་དུ་ར་གད་དགོན་གྱི་མཁན་ཡེ་ཤེས་ཀྱིས་གསོལ་བ་བཏབ་པ་བཞིན་གྲྭ་ཕྲུག་བརྒྱད་བཅུ་ཙམ་དང་གཞན་སེར་སྐྱ་གྲངས་མང་ལ་ཆོས་འབྲེལ་དང་བོད་རང་གི་ཐུན་མོང་དང་ཐུན་མིན་གྱི་རིག་གནས་ལ་དོ་སྣང་དགོས་ཚུལ་གྱི་བསླབ་བྱ་ཡང་ཡང་གནང་ནས་ཚེ་ཐར་དང་སྲོག་བླུའི་དགེ་བསྐུལ་རྒྱ་ཆེར་མཛད། རྒྱ་བཟའ་ཀོང་ཇོ་མཆོག་གིས་སྲ་མཁྲེགས་རྡོ་རྗེའི་བྲག་ངོས་སུ་སྐུ་གསུང་ཐུགས་ཀྱི་མཚོན་བྱེད་དུ་བྱིན་གྱིས་བརླབས་པའི་ངོ་མཚར་ཅན།  འབུས་རྣམ་པ་སྣང་མཛད་རང་བྱོན།    བཟང་སྤྱོད་སྨོན་ལམ་རང་བྱོན།  མཆོད་རྟེན་རང་བྱོན་བཅས་ཀྱི་མདུན།  རིས་སུ་མེད་པའི་སྐྱེ་འགྲོ་ཡོངས་ལ་འཚེ་མེད་ཞི་བདེ་ཡོང་བའི་ཐུགས་སྨོན་ཡང་ཡང་གནང་། 

  ཟླ༩ཚེས༥ཉིན་དུལ་མོ་ཆོས་རྗེ་མཆོག་གིས་གདན་ཞུ་ལྟར་འདམ་དཀར་དགོན་གྱི་བཤད་གྲྭ་རུ་ཕེབས་ཏེ་ལམ་གཙོ་རྣམ་གསུམ་གྱི་ལུང་དང་དགེ་འདུན་པ་ལ་བསྟེན་པའི་ལས་རྒྱུ་འབྲས་ཀྱི་རྣམ་བཞག  གཞན་ཡང་སྒྲུབ་རྒྱུད་ཤིང་རྟ་བརྒྱད་པོ་སྟོན་པ་གཅིག་གི་བསྟན་པ་ཡིན་ཚུལ་ལུང་རིག་གིས་ཡང་ཡང་བསྒྲུབས།    སླར་ཡང་དུལ་མོ་ཆོས་རྗེ་རིན་པོ་ཆེའི་ཐུགས་འདུན་ལྟར་ཇོ་མོ་དགོན་དུ་ཕེབས་ཏེ་བདེ་སྨོན་ལུང་དང་ཐུགས་མཐུན་ཁྲིམས་གཙང་ངང་སྤང་ཀློག་ལ་བརྩོན་དགོས་ཚུལ་གྱི་བསླབ་བྱ་དང་བླང་དོར་གྱི་གནད་ཅི་མང་གནང་།   

  ཚེས༦ཉིན་རྒྱ་ནག་མ་ཎི་ལ་མཇལ་སྐོར་དུ་ཕེབས་ཤིང་རྡོ་ལ་བསྐོས་པའི་མ་ཎི་ཆེ་ཆུང་གྲངས་མང་བླུས་ཏེ་རྡོ་འབུམ་ནང་དུ་འབྲེལ་འཇོག་ཞུས། ཕྱོགས་དེས་བསྔོ་སྨོན་ཕུལ་བ་རྣམས་རྡོ་བླུ་རྒྱུའི་ཞལ་བཀོད་གནང་ནས་རྒྱུས་ཡོད་ཀྱི་མི་གཉིས་ལ་སྤྲད། རྫ་ཁྲ་མའི་བླ་མ་འཇིགས་མེད་རྒྱལ་བའི་མྱུ་གུའི་རྡོ་སྐུ་གསུང་འབྱོན་མ་དང་དཔལ་དགེའི་མ་ཎི་རྡོ་འབུམ་མདུན་བཟང་སྤྱོད་སྨོན་ལམ་དང་ཆོས་རྗེ་བླ་མའི་ཞལ་གསུང་སྨོན་ལམ་རྒྱ་མཚོའི་ཡང་སྙིང་སོགས་སྨོན་ལམ་རྒྱ་ཆེར་བཏབ་པས།  ཉིད་ཀྱི་ཞལ་ནས།  དེ་རིང་ང་རང་དུས་རྒྱུན་ལས་ལྷག་པའི་སེམས་ཐོག་ཏུ་འདུག་ཐུབ་པ་ཞིག་བྱུང་གསུངས། དོན་དུ་སྣང་གྲགས་རིག་གསུམ་ཐམས་ཅད་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོའི་རང་བཞིན་དུ་སད་པའི་གསུངས་འབའ་ཞིག་གོ །རྫ་གང་ཤར་སྤྲུལ་སྐུ་ཕུན་ཚོགས་རབ་བརྟན་དེར་ཕེབས་ནས་དམ་པ་འདིའི་དགྱེས་ཞལ་མཇལ་མ་ཐག    རིང་ནས་བྲལ་བའི་མ་བུ་འཕྲད་པ་བཞིན་སྐུ་ལ་འཐམས་ཏེ་སྤྱན་ཆབ་ཀྱིས་ཞལ་རས་བརླན་ཅིང་སེར་སྐྱ་ཡོངས་ལ་ཆོས་འབྲེལ་ཞིག་གནང་དགོས་ཞེས་ཟློག་ཏུ་མ་བཏུབ་པས་སེར་སྐྱ་སྟོང་ཕྲག་ཁ་ཤས་ལ་རྒྱལ་སྲས་ལག་ལེན་ཀྱི་ལུང་དང་བདེ་བ་ཅན་དུ་སྐྱེ་བའི་རྒྱུ་བཞི་གནང་ནས་མི་རེ་ལ་འོད་མཚན་བྱེ་བ་རེའི་དགེ་སྐུལ་མཛད་དེ་དད་ལྡན་ཡོངས་ལ་ཆོས་ཀྱིས་ཚིམ་པར་བྱས། 

  ཚེས༧ཉིན་ཞེ་ཆེན་མཆོག་སྤྲུལ་གངས་ཤར་གྱིས་གཟིགས་སྐྱོང་གནང་བའི་བྱམས་བརྩེའི་དྭ་ཕྲུག་སློབ་གྲྭར་ཕེབས་ནས་རྒྱལ་སྲས་ལག་ལེན་གྱི་ལྗགས་ལུང་དང་།    གངས་ཅན་པའི་ཕ་མེས་ཀྱི་ལུགས་སྲོལ་བཟང་པོ་ལ་མཐོང་ཆེན་དགོས་ཚུལ་སོགས་ཀྱི་བསླབ་བྱ་གང་མང་གནང་།  ཞེ་ཆེན་དགོན་བསྟན་གཉིས་དར་རྒྱས་གླིང་དུ་ཕེབས་ནས་གནས་ལྔ་རིག་པའི་བང་མཛོད་མཁན་པདྨ་རྡོ་རྗེ་སོགས་ཀྱི་གསུང་སྐུལ་ལྟར་འཕགས་ཚོགས་གསེར་རིའི་ཕྲེང་བ་ཚར་དུ་དངར་བ་ཡོངས་ལ་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཆོས་རྗེ་ཡིད་བཞིན་ནོར་བུའི་ཞལ་རྒྱུན་དགེ་འདུན་པ་དང་འབྲེལ་བའི་ལས་རྒྱུ་འབྲས་ཀྱི་རྣམ་བཞག        འཆད་རྩོད་རྩོམ་གསུམ་སྐབས་གྲུབ་མཐའི་ཆགས་སྡང་གི་ཉེས་དམིགས་སོགས་དང་ནང་བརྩེའི་གསུང་མཆིད་གང་མང་གནང་།      གཞན་ཡང་ཁྱིམ་པའི་དད་ལྡན་ཡོངས་ལ་ཆོས་སྤང་དང་མཚམས་མེད་ལས་ཀྱི་ཉེས་དམིགས།  དེ་དང་ཉེ་བའི་ལས་ཀྱི་རྣམ་བཞག      ཁོང་ཁྲོའི་ཉེས་དམིགས་སོགས་གསུངས་པར་མ་ཟད།    ཁྱད་པར་བདེ་བ་ཅན་དུ་སྐྱེ་བའི་རྒྱུ་བཞི་ལ་ཀུན་གྱིས་འབད་དགོས་ཚུལ་བཅས་གསུངས་ཤིང་མི་རེ་ལ་འོད་མཚན་བྱེ་བ་རེའིི་དགེ་སྐུལ་གནང་བས་ཐམས་ཅད་ཀྱི་བསམ་རྒྱུ་ཆོས་ལས་མེད་པར་བྱས།    གཏེར་སྟོན་དགོན་སྨིན་གྲོལ་ནོར་བུའི་གླིང་ནས་དཔལ་རྒྱལ་བ་ཞེ་ཆེན་དགོན་འདི་གཉིས་ཀྱི་བར་དུ་འོད་མཚན་དུང་བརྒྱ་ལྷག་གི་དགེ་བསྐུལ་གནང་ནས་འབྲེལ་ཚད་ཀུན་གྱིས་ཐར་ལམ་ཟིན་པ་མཛད་དོ།   ། 

  བདག་ཅག་གི་སྟོན་པ་མཉམ་མེད་ཐུབ་པའི་དབང་པོ་ལྷ་ལས་བབ་པའི་ཟླ་བ་སྟེ་བོད་ཟླ༩བའི་ཚེས༡༤ནས་ཟླ༡༠པའི་ཚེས༡༥བར་ཟླ་བ་གཅིག་ལྷག་ཏུ་ལོ་དུས་ལྟར་སྐྱབས་མེད་ཉམ་ཐག་དུད་འགྲོ་རྣམས་ཀྱི་གཅེས་པའི་ཚེ་སྲོག་དག་སྙིང་རྗེ་ཆེན་པོའི་ཕྱག་གིས་བླུ་ཐེངས་རེར་ཟོག་ལུག་སུམ་བརྒྱ་ཡས་མས་རེ་སྲོག་བླུ་མཛད་དེ་གཤིན་རྗེའི་གྲོང་ཁྱེར་ལྟ་བུའི་བཤས་ར་མང་པོ་སྟོང་པ་ལན་མང་བྱས་པའི་རྣམ་པར་ཐར་པ་འདི་གཅིག་པུ་ཡང་བསམ་ལས་འདས་པའོ།  །ལྷག་པར་རྗེ་འདིའི་འཁྲུངས་སྐར་ཉིན་ཟོག་ལུག་ཉིས་བརྒྱ་ལྷག་དང་ཉ་སྦ་བགྲང་གིས་མི་ལངས་བའི་སྲོག་བླུ་འགྲུབ་པ་འདི་ཁོ་ནས་ཀྱང་བསྟན་པ་དང་སེམས་ཅན་གྱི་དོན་ལ་ཕྱག་རྗེས་བསུབ་ཏུ་མེད་པ་ཞིག་བཞག