༄༅། །ལྔ་རིག་སྨྲ་བའི་གཙུག་རྒྱན་མཁན་ཆེན་དམ་པ༸ཤེས་རབ་བཟང་པོ་མཆོག་གིས་ས་གླང་ལོར་བསྟན་དོན་བསྒྲུབས་ཚུལ་ཕྱོགས་ཙམ་བརྗོད་པ་འདོད་འབྱུང་ནོར་བུའི་དོ་ཤལ་ཞེས་བྱ་བ་བཞུགས་སོ། ། ༡༥ ༽


  ཀརྨ་པ་བཅུ་དྲུག་རིག་པའི་རྡོ་རྗེ་དང་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ཟུང་གིས་མཆོག་གྱུར་བདེ་ཆེན་གླིང་པའི་སྐུ་ཕྲེང་བཞི་པའི་མཚན་གྱི་ཅོད་པཎ་གསོལ་བའི་ཀརྨ་རིག་འཛིན་བསྟན་པ་འགྱུར་མེད་ཕྲིན་ལས་ཀུན་ཁྱབ་དཔལ་བཟང་པོ་གཙོས་དམ་པའི་སྐྱེས་ཆེན་འགའ་དང་ཡུལ་དགོན་དུ་མས་རིང་མོའི་དུས་ནས་སྐུལ་བར་རྟེན། ཁྱད་པར་དམ་པ་དེ་ཉིད་ལ་སྙུང་འདྲིའི་ཕྱིར་དུ་ཟླ༨པའི་ཚེས་༢༩ཉིན་ཞབས་ཟུང་ཉེ་བར་བསྒྱུར་ཏེ་སེང་ལྕམ་ལྷ་ཡི་མེ་ཏོག་གི་ཡིད་ཀྱི་ཐིག་ལེ་དབང་མེད་དུ་ལྷུང་བའི་དབྱིག་འཛིན་སྒེག་མོའི་དཀྱིལ་འཁོར་སོགས་རིམ་གྱིས་བརྒལ་ནས་ཟླ་ཀླུང་རིང་མོ་དལ་གྱིས་འབབ་པའི་གཡས་ཟུར་དུ་སླེབས་སྐབས།  ཕེབས་འཁོར་གྱི་བང་ཁ་དལ་བུར་ལྷོད་དེ་འཁོར་སློབ་རྣམས་ལ། ས་ཆ་འདི་ནི་དཔལ་སྤྲུལ་རྡོ་རྗེ་འཆང་། ཀུན་མཁྱེན་མི་ཕམ་རྒྱ་མཚོ། ཐུབ་དགའ་ཡིད་བཞིན་ནོར་བུ། ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུ་སོགས་དམ་པའི་སྐྱེས་ཆེན་དུ་མས་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་པའི་གནས་ཡིན་པས། སླད་མར་འུ་ཅག་སོས་དལ་ངང་ཆེད་དུ་འདིའི་ཡས་མས་ཀྱི་གདན་ས་དང་གནས་རྣམས་མཇལ་སྐོར་འོང་དགོས་ཚུལ་ཞལ་གསུང་མང་པོ་གནང་། རྫ་སེར་ཤུལ་ཐེག་ཆེན་དར་རྒྱས་གླིང་དུ་བྱོན་ནས་མཇལ་སྐོར་དང་འདུས་སྡེ་ཡོངས་ཀྱི་གདུགས་ཚོད་ནང་འབྲེལ་འཇོག་གི་མཆོད་པ་ཕུལ།

  དེ་ནས་འབྲི་ཆུའི་ཉེ་འགྲམ་དུ་སླེབས་སྐབས། གདུང་སྲས་ཚེ་དབང་རྡོ་རྗེ་སོགས་དཔོན་སློབ་བཅུ་ཕྲག་ཁ་ཤས་ཀྱིས་ལྷ་དར་དཀར་པོ་སྲིད་དུ་རིང་བ་རེ་བསྣམས་ནས་རིང་བསུའི་མཇལ་དར་ཕུལ། ཚེས༣༠ཉིན་ལམ་བར་ན་དུལ་མོ་ཆོས་རྗེ་མཆོག་དང་ཕན་ཚུན་མཇལ་འཕྲད་མཛད་ཅིང་ལྷན་དུ་ཆིབས་བསྒྱུར་གནང་། གཏེར་སྟོན་དགོན་དུ་སླེབས་སྐབས་འཕན་གདུགས་རྒྱལ་མཚན། དུང་གླིང་རོལ་མོ། བསང་དང་རྟ་འཕྲུལ་གྱིས་བསུ་བའི་མཆོད་སྤྲིན་ལེགས་པར་བསྟར་ནས་མཁན་ཆེན་དམ་པ་མཆོག་གདོང་ཐེག་ཆེན་རྩི་རྐེ་སྨིན་གྲོལ་ནོར་བུའི་གླིང་གི་མི་འཇིགས་གདོང་ལྔའི་ཁྲི་ཁར་ཞབས་སེན་ཉེ་བར་བཀོད་དེ་མཆོག་གླིང་གཏེར་ཆེན་རིན་པོ་ཆེ་དང་མཇལ་འཕྲད་གནང་མཐར། གཏེར་སྲས་ཚེ་དབང་རྒྱ་མཚོ་མཆོག་གིས་ཕུན་ཚོགས་ལྔ་ལྡན་རྒྱས་སྤྲོས་ངང་མཎྜལ་གྱི་མཆོད་པ་ཕུལ། དེ་ནས་མཁན་ཆེན་དམ་པ་མཆོག་གིས་མཆོག་གླིང་རིན་པོ་ཆེའི་མདུན་སྐུ་གསུང་ཐུགས་རྟེན་གྱིས་མཚོན་པའི་མཆོད་པ་གྱ་ནོམ་པས་གཏམས་ཏེ། མཆོག་ཉིད་སྙིགས་འགྲོའི་གདུལ་བྱའི་མགོན་དུ་འཆི་མེད་ཚེ་མཐའ་ཡས་པའི་ངོ་བོ་རུ་དགྱེས་བཞུགས་དགོས་ཚུལ་ཡང་ཡང་གསུངས་པས། མཆོག་གླིང་གཏེར་ཆེན་གྱིས་ཐུགས་དགྱེས་ཚོར་བཅས། མཁན་རིན་པོ་ཆེ་ཁྱེད་ཀྱི་ཞབས་པད་འདིར་འཁོད་གནང་བྱུང་བ་ལ་བཀའ་དྲིན་བླ་ན་མེད་པ་ཆེ། ངས། ཁྱེད་དང་དུལ་མོ་ཆོས་རྗེ་གཉིས་ལ་གཞན་ལས་ལྷག་པའི་དད་པ་ཞིག་ཡོད་དར། ད་ནི་ཞལ་མཇལ་གསུང་ཐོས་བྱུང་བས་བསམ་དོན་ཐམས་ཅད་འགྲུབ་སོང་། ཅུང་ཟད་རེ་འདུག་རྒྱུ་བྱུང་ནའང་ཆོག མིན་ཀྱང་ད་འཆི་ཡང་འགྱོད་པ་མེད་ལགས། སྤྱིར་ང་རང་ལ་ན་བའི་ཟུག་རྔུ་གང་ཡང་མི་འདུག་ཀྱང་ཉེ་འཁོར་རྣམས་ལ་སྡུག་བསྔལ་གང་མང་ཞིག་གཏད་ཐལ་གསུངས་ཤིང་ཕན་ཚུན་གསུང་གླེང་ཞིབ་མོ་མཛད། མཁན་ཆེན་དམ་པ་འདི་དང་དུལ་མོ་ཆོས་རྗེ་མཆོག་གླིང་གཏེར་ཆེན་རྣམས་ཕན་ཚུན་དབང་ལུང་གསན་བཞེས་ངང་ཐུགས་ནང་གཅིག་ཏུ་འདྲེས། གཏེར་ཆེན་རིན་པོ་ཆེས་གསུང་བསྐུལ་དང་དད་ལྡན་རྣམས་ཀྱིས་གསོལ་བ་བཏབ་པ་བཞིན་སེར་སྐྱ་ཡོངས་ལ་དམ་པ་གསུམ་དང་།  བདེ་བ་ཅན་དུ་སྐྱེ་བའི་རྒྱུ་བཞི། ཆོས་རྗེ་བླ་མའི་འདའ་ཁའི་ཞལ་ཆེམ་ཚིག་གསུམ་མ།    རྒྱལ་སྲས་ལག་ལེན་གྱི་ལུང་བཅས་ཞལ་གསལ་ཞིང་སྒྲོས་གཙང་བ་ཀུན་ལ་གོ་བརྡ་འཕྲོད་པ་ཕངས་མེད་དུ་བསྩལ་ནས་ཚེ་ཐར་གྲངས་མང་དང་མི་རེ་ལ་འོད་མཚན་བྱེ་བ་རེའི་དགེ་སྐུལ་གནང་ནས་འབྲེལ་ཚད་དོན་ལྡན་མཛད་པས་ཀུན་གྱིས་སངས་རྒྱས་དངོས་མཐོང་གི་དད་འདུན་སྙིང་དབུས་སུ་འཕྱུར་ཞིང་གུས་པའི་ལྷ་ཕྱག་ཡང་ཡང་བརྩེགས། ཕྱོགས་ཀྱི་དགོན་སྡེ་བཅུ་ཕྲག་ཁ་ཤས་ཀྱི་བླ་སྤྲུལ་རྣམ་པས་མཇལ་བཅར་ངང་གདན་ཞུས་ཕུལ་བས། ཉིད་ཀྱི་ཞལ་ནས་ད་ལན་དུས་ཚོད་ཐུང་བས་སྟབས་བདེ་ཞིག་མ་རེད།   རྗེས་མར་བལྟ་ཞོར་བྱེད་གསུངས།  གཞན་ཡང་ཕྱོགས་དེའི་མཐོ་རིམ་གྱི་དགེ་སློབ་དུ་མ་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་ཚོགས་གཙོའི་མི་སྣ་བཅས་ཀྱིས་མཇལ་དར་གཙུག་ཏུ་བཏེགས་ཤིང་སོ་སོས་བཀའ་འདྲི་དང་དོགས་གཅོད་ཞུས་པས། མུ་འཁྱུད་གངས་ཀྱི་ཕྲེང་བས་ཡོངས་སུ་དཀྲིག་པའི་གླིང་ག་འདིའི་ཕ་མེས་ཀྱི་ཟུངས་ཁྲག་དྲོན་མོའི་བཞུར་རྒྱུན་ལ་སྨན་པའི་བཀའ་སློབ་ལྷུག་པར་གནང་ནས་ཀུན་གྱི་ཡིད་ཚིམ་པར་མཛད། དཔལ་རིའི་བློས་སློང་མཐོང་བ་ཀུན་གྲོལ་ལ་རབ་གནས་ཀྱི་མེ་ཏོག་འཐོར།