༄༅། །ལྔ་རིག་སྨྲ་བའི་གཙུག་རྒྱན་མཁན་ཆེན་དམ་པ༸ཤེས་རབ་བཟང་པོ་མཆོག་གིས་ས་གླང་ལོར་བསྟན་དོན་བསྒྲུབས་ཚུལ་ཕྱོགས་ཙམ་བརྗོད་པ་འདོད་འབྱུང་ནོར་བུའི་དོ་ཤལ་ཞེས་བྱ་བ་བཞུགས་སོ། ། ༡༤ ༽


  ཟླ༨ཚེས༡༣ཉིན་སྤྲུལ་འོད་གསལ་ཚེ་རིང་གི་ཐུགས་འདུན་ལྟར་དཔལ་རྒྱལ་བ་རྩྭ་ཤུལ་དགོན་དུ་ཕེབས་ཏེ་སྒྲུབ་མཆོད་ཉིན་ལྔ་པའི་ཚོགས་འཁོར་གྱི་དབུ་བཞུགས་གནང་ནས་རྡོ་རྗེ་སློབ་དཔོན་གྱི་བྱ་བ་ཚང་མ་མཛད། སྤྲུལ་འོད་གསལ་ཚེ་རིང་ལ་ད་ལོ་དགོན་པའི་ཐུགས་འགན་བཞེས་པ་ལ་བཀའ་དྲིན་ཆེ་ཚུལ་གསུངས་ཤིང་དར་དཀར་པོ་ཞིག་འགུལ་དུ་སྒྲོན་ཏེ་རྒྱ་དྲིལ་རྙིང་པ་སྤུས་ལེགས་ཤིག་གནང་། མཁན་སྤྲུལ་རྣམས་ལ་བཤད་གྲྭའི་ཐུགས་འགན་ལེགས་པོར་བཞེས་ཏེ་ལུང་རྟོགས་ཀྱིས་བསྟན་པ་སྐྱོང་དགོས་ཚུལ་དང་དགོན་གཞུང་གི་བླ་གྲྭ་ཡོངས་ལ་ལོ་རེ་རེའི་ནང་ཐམས་ཅད་ཞག་བརྒྱ་ཆ་ཚང་རེ་བཞུགས་དགོས་རྒྱུའི་ཞལ་བཀོད་གནང་ནས་འཚོ་བའི་མཐུན་རྐྱེན་སྦྱར། རང་རེ་རྣམས་སྟོན་པ་བཀའ་དྲིན་ཅན་གྱི་རྗེས་འཇུག་ཅིག་རེད།    དེ་ཡིན་ན་དངོས་སམ་བརྒྱུད་ནས་བསྟན་པ་དང་སེམས་ཅན་གྱི་དོན་སྒྲུབ་རྒྱུ་མ་གཏོགས་བྱ་བ་ལས་ཀ་གཞན་ཅི་ཡང་མེད། བསྟན་པ་ཞེས་པའང་དངོས་སམ་བརྒྱུད་ནས་སེམས་ཅན་རྣམས་འདི་ཕྱི་ཀུན་དུ་བདེ་ནས་བདེ་བ་བྱང་ཆུབ་ཆེན་པོ་ཐོབ་བྱེད་ཅིག་ལ་གོ་དགོས་ཀྱི།སེམས་ཅན་ལ་དངོས་སམ་བརྒྱུད་ནས་ཕན་ཐོགས་མེད་པའི་བསྟན་པ་ཞིག་ཡོད་ན་བསྟན་པ་རྣམ་དག་མ་རེད། དེས་ན་བསྟན་པ་དང་སེམས་ཅན་གྱི་དོན་རང་གིས་ཀྱང་ནུས་པ་གང་ཡོད་ཀྱིས་སྒྲུབ།  གཞན་ལའང་བསྒྲུབ་དགོས་ཚུལ་དང་སྒྲུབ་ལུགས་ཀྱི་གོ་བརྡ་སྤྲད།    དེ་འགྲུབ་པའི་ཆེད་དུ་དུས་རྒྱུན་སྨོན་ལམ་ཡང་ཡང་ཐོབ་དང་། ཕ་མའི་དྲིན་ལན་དང་། བླ་མའི་དགོངས་རྫོགས། མི་ལུས་ཐོབ་པའི་དོན་པོ། ཕྱི་མའི་འགྲོ་ཆས་ཐམས་ཅད་དེར་འདུ་བས་ཐམས་ཅད་ཀྱིས་ཡིད་ལ་ཟུངས་ཤིག་སོགས་བརྗེད་དུ་ཕོངས་བའི་བསླབ་བྱ་མང་པོ་གནང་ངོ། །ཀརྨ་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེ་མཆོིག་གིས་དམ་པ་འདི་ལ་གནང་བའི་ཞབས་བརྟན་གསོལ་འདེབས།

  ཤེ༵ས་དང་ཤེས་བྱའི་དཀྱིལ་འཁོར་ལས།། 

  དགོས་པའི་དོན་ཀུན་ར༵བ་སྟོན་པ།།  

  མཁས་བཙུན་བཟ༵ང་པོ༵འི་ཡོན་ཏན་འཆང་།།  

  དཔལ་ལྡན་བླ་མའི་ཞབས་བརྟན་གསོལ།། 

  ཞེས་པའི་བདེན་ཚིག་གྲུབ་པའི་གསུངས་བྱིན་ཅན་འདི་འདུས་སྡེ་ཡོངས་ཀྱིས་ཚར་བདུན་བཏོན་ཏེ་ཞབས་བརྟན་གྱི་མཎྜལ་ཕུལ་ནས་སྐུ་ཚེ་བསྐལ་བརྒྱར་འཚོ་བའི་རྟེན་འབྲེལ་ལེགས་ཕྱོགས་སུ་བསྒྲིགས་པའོ།།