༄༅། །ལྔ་རིག་སྨྲ་བའི་གཙུག་རྒྱན་མཁན་ཆེན་དམ་པ༸ཤེས་རབ་བཟང་པོ་མཆོག་གིས་ས་གླང་ལོར་བསྟན་དོན་བསྒྲུབས་ཚུལ་ཕྱོགས་ཙམ་བརྗོད་པ་འདོད་འབྱུང་ནོར་བུའི་དོ་ཤལ་ཞེས་བྱ་བ་བཞུགས་སོ། ། ༡༣ ༽


  ཟླ༨པའི་ཚེས༢༩ཉིན་ཚེ་འབམ་སྡེ་བ་གཉིས་ཀྱིས་གདན་ཞུས་ལྟར་དུད་གསར་དགོན་དུ་ཕེབས་ཏེ། དེར་ཡོད་ཀྱི་སེར་སྐྱ་ཡོངས་དང་ཕྱོགས་དང་ཕྱོགས་ཀྱི་དད་ལྡན་རྣམས་ལ་བཀའ་སློབ་གནང་བ། ཁྱེད་ཚེ་འབམ་སྡེ་བ་གཉིས་ཀྱིས་རེ་བ་ལན་མང་ལྟར་ད་ལན་ང་འདིར་སླེབས་སོང་། དེ་ཡིན་ན་ཁྱེད་ཅག་གིས་ང་ཡོང་རོགས་གྱིས་ཟེར་དོན་དང་ང་ཡང་འདིར་ཡོང་དོན་གང་རེད་ཟེར་ན། རང་གཞན་ཐམས་ཅད་ཕྱི་མའི་ལམ་པོ་ཆེ་ལ་འགྲོ་བྱེད་ཀྱི་གྲོ་ཆས་དགེ་བ་རྣམ་དག་ཅིག་སྒྲུབ་བསམ་རྒྱུའི་དོན་རྩ་མ་གཏོགས་གཞན་པའི་བསམ་བློ་དང་བྱ་བ་གང་ཡང་མེད་རྒྱུ་སུས་ཀྱང་ཧ་གོ་རྒྱུ་འདི་རེད།  སྤྱིར་ད་སྔོན་ཡིན་ནའང་ངས་སྟོན་པ་བཀའ་དྲིན་ཅན་གྱི་གསུངས་གཞི་བཞག་སྟེ། དགེ་བའི་ཕན་ཡོན་དང་སྡིག་པའི་ཉེས་དམིགས་གི་གོ་བརྡ་ཆེ་ཤེས་ཆུང་ཤེས་རེ་སྤྲད་མྱོང་། དགེ་བ་ལ་དགེ་བ་ཡིན་པ་ངོ་ཤེས།   སྡིག་པ་ལ་སྡིག་པ་ཡིན་པ་ངོ་ཤེས་ནས་རང་མོས་ཀྱིས་ཁས་ལེན་དམ་བཅའ་བྱེད་མི་ཡོད་མྱོང་མ་གཏོགས། ཁས་ལེན་མ་བྱས་ན་མི་ཆོག་ཅེས་རང་དབང་མེད་པའི་སྐད་ཆ་ཞིག་ད་སྔོན་བཤད་མ་མྱོང་།  ད་ཕྱིན་ཆད་ཀྱང་མི་བཤད། སྟོན་པ་བཀའ་དྲིན་ཅན་གྱི་ཞལ་ནས་ཀྱང་།   དགེ་སློང་དག་གམ་མཁས་རྣམས་ཀྱིས།   །བསྲེག་བཅད་བརྡར་བའི་གསེར་བཞིན་དུ།   །ལེགས་པར་བརྟགས་ལ་ང་ཡི་བཀའ།   །བླང་བར་བྱ་ཡི་གུས་ཕྱིར་མིན།   །ཞེས་གསུངས་ཡོད། དེས་ན་ཁྱེད་ཅག་གིས་བསམ་བློ་ཐོངས། སྟོན་པ་ལ་གུས།  ལས་འབྲས་ལ་བཀུར།  ཕྱི་མ་ལའང་སྐྲག་སྟེ་སེམས་ཅན་རྣམས་ལ་ཤ་ཚ་སྙིང་རྗེ་རེ་ཡོད་ན་དེ་ལུགས་ཀྱི་བསམ་བློ་དང་དེ་ལུགས་ཀྱི་བྱ་བ་རེ་ཡོད་དགོས་རྒྱུ་རེད།     ཁྱེད་ཅག་གིས་རང་མོས་གྱིས་གསུངས་ནས་དམ་པ་གསུམ་དང་རྒྱལ་སྲས་ལག་ལེན་གྱི་ཁྲིད་ལུང་དང་། བདེ་བ་ཅན་དུ་སྐྱེ་བའི་རྒྱུ་བཞི་དང་།  བོད་སྤྲུལ་བདེ་སྨོན་གྱི་ཁྲིད་ལུང་གནང་།

  གཞན་ཡང་ས་དགེ་བཀའ་རྙིང་སོགས་གྲུབ་མཐའ་ཀུན་ལ་སྡང་ཞུགས་སྐུར་འདེབས་མ་བྱེད་འདི་དག་སྟོན་པ་གཅིག་གི་བསྟན་པ་ཡིན་ཚུལ།  པཎ་ཆེན་བློ་བཟང་ཡེ་ཤེས་ཀྱི་ཞལ་ནས། དབུས་གཙང་མངའ་རིས་བར་གྱི་གྲུབ་པའི་མཐའ། །ཀུན་ཀྱང་རྒྱལ་བསྟན་ཁོ་ན་ཡིན་པའི་ཕྱིར། །ཕྱོགས་ལྷུང་གདོན་གྱིས་སྡང་ཞུགས་མི་མཛད་པར། །དག་སྣང་ནོར་བུའི་འོད་ཀྱིས་ཁྱབ་ན་ལེགས།   ། ཞེས་གསུངས་ཡོད། ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུས་ཀྱང་། འདྲ་མིན་གྲུབ་མཐའི་ཆོས་ལ་ཕྱོགས་རིས་དེ་མ་བྱེད། །རང་གཞན་ཕུངས་ལ་སྦྱོར་བའི་ཆོས་སྤོང་གི་ལས་ཡིན། །ལས་ཀྱི་མེ་ཏོག་ཕོག་པའི་ལྷ་སྐལ་དེ་ཟུངས་ལ།   །གཞན་ལུགས་གྲུབ་མཐའ་ཀུན་ལ་དག་སྣང་དེ་སྙིང་གཏམ།   །ཞེས་གསུངས་ཡོད་རྒྱུ་དེ་རེད། དེ་འཛིན་གྱི་དམ་པའི་སྐྱེས་བུ་རྣམས་ཀྱང་ཐུགས་རྒྱུད་གཅིག་པ་ཡིན་ཚུལའང་ཐུའུ་བཀྭན་ཆོས་ཀྱི་རྡོ་རྗེས།     ཇོ་བོ་ཆེན་པོ་དང་།  མཉམ་མེད་དྭགས་པོ་རིན་པོ་ཆེ་དང་། ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་རྣམས་ཀྱང་སློབ་དཔོན་ཆེན་པོའི་རྣམ་སྤྲུལ་ཡིན་པ་ཚད་མའི་སྐྱེ་བུ་རྣམས་ཀྱིས་ཡང་ཡང་གསུངས་ན། སློབ་དཔོན་ཆེན་པོ་ལས་ལྷག་པའི་བོད་གངས་ཅན་གྱི་བསྟན་འགྲོ་ལ་བཀའ་དྲིན་ཆེ་བ་སུ་ཞིག་མཆིས།   ཞེས་གསུངས་ཡོད།     རྒྱལ་བ་དགེ་འདུན་རྒྱ་མཚོས། རིག་འཛིན་གྲུབ་པའི་དབང་ཕྱུག་པདྨ་འབྱུང། །ལྔ་བརྒྱའི་གཙུགས་རྒྱན་དཔལ་ལྡན་མར་མེ་མཛད།     །  རྡོ་རྗེ་འཆང་དབང་བློ་བཟང་གྲགས་པའི་དཔལ། །སྣ་ཚོགས་སྤྲུལ་པའི་རོལ་གར་དེ་ལ་འདུད། །ཅེས་གསུངས་ཡོད། ཅེས་དང་། མདོར་ན་གྲུབ་མཐའ་ཀུན་ལ་སྡང་ཞུགས་མེད་པ་དག་སྣང་སྦྱོང་དགོས་ཚུལ་དང་། འཕོ་བ་དང་ཚེ་འགུག་བཅས་ཉིན་གསུམ་གྱི་རིང་ལ་དགྱེས་གནང་མཛད་པས་དུད་ཆང་དང་རྐུ་རྔོན་ཤོ་རྒྱན་དང་མནའ་སོགས་མི་ཚེ་གཅིག་ལ་སྤང་མི་སྐྱེ་བོ་གྲངས་ཀྱིས་མི་ལང་པ་ཞིག་བྱུང་། འོད་མཚན་དང་སྲོག་བླུའི་དགེ་བསྐུལ་འབོར་ཆེན་མཛད་པས་འདི་འདྲའི་དགེ་བ་རླབས་ཆེན་ཞིག་ངེད་ཅག་གིས་ལོ་རྒྱུས་ཐོག་འགྲུབ་མ་མྱོང་ཞེས་དེར་ཡོད་རྒན་གཞོན་ཀུན་གྱིས་གླེང་མོལ་དུ་གྱུར། འབུལ་བ་འབྲི་གཡག་བརྒྱ་ལ་ཉེ་བ་ཙམ་ཕུལ་བ་རྣམས་ཕྱིར་གནང་བར་མ་ཟད་སྒོར་ཁྲི་ཁ་ཤས་གནང་སྦྱིན་མཛད།  ངས་དགོན་པའི་རྒྱུ་དང་ཚོ་བ་སྤྱིའི་རྒྱུ་མི་ལེན་རྒྱུ་སྔོན་ནས་དམ་བཅའ་ཡིན། འབུལ་རྒྱུ་འདི་དག་ཁྱེད་ཅག་གི་རྗེས་སུ་དགེ་བ་སྒྲུབ་པའི་མཐུན་རྐྱེན་དུ་གྱིས་གསུངས།  

  ལམ་བར་དུ་རྒན་པོ་ཞིག་གིས་དར་དཀར་པོ་དྲི་མ་མེད་པའི་ནང་དུ་སྐུ་འདྲ་ཞིག་ཐོགས་ཏེ། ད་རེ་ཚེ་འབམ་སྡེ་བ་རུ་ཁྱེད་ཕེབས་འོང་རྒྱུ་འདི་བཀའ་དྲིན་བླ་ན་མེད་པ་ཆེ། འདི་ཧ་ཅང་སྐུ་འདྲ་རྩིས་ཆེན་ཞིག་ཡིན། རྡོ་རྗེ་སེམས་དཔའི་སྐུ་ལི་མ་རྡོ་གདན་མ་ཟེར་བ་དེ་རེད།  སྔོན་ཆད་ངེད་ཚང་ལ་མཁན་པོ་ཞིག་ཡོད་རབ་འདུག    མཁན་པོ་དེ་རྫོགས་སྤྲུལ་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེའི་ཤིན་ཏུ་རྩིས་ཆེན་ཞིག་ཡིན་རབས་འདུག        རྫོགས་སྤྲུལ་ལྔ་པས་ངེད་ཀྱི་མཁན་པོ་ལ་ཁང་དམར་དགོན་གྱི་བསྟན་པ་ལ་གཟིགས་སྐྱོང་མཛད་དགོས་ཚུལ་ཡང་ཡང་གསུངས་ནས་མགུལ་གྱི་གའུ་ནང་ནས་ཕྱག་ཐམ་ཅན་གྱི་སྐུ་འདི་བླང་ནས་གནང་རབས་ཡོད། ངས་དུས་འཁྲུགས་སྐབས་ས་འོག་ཏུ་སྦས་པ་སོགས་ཉར་ཚགས་བྱེད་པ་ལ་དཀའ་ངལ་ཆེན་པོ་བྱུང་། དེའི་རྗེས་རྐུན་མ་ལ་དོགས་ནས་ཉེར་ལྔ་ཚེས་བཅུའི་དུས་ཆེན་སྐབས་མ་གཏོགས་མཆོད་པའི་རྟེན་ཙམ་ཡང་ཕོད་མ་མྱོང་། སྔོན་ཆད་ནས་ཁྱེད་ལ་ཕུལ་ས་ཨེ་ལོན་བསམས་ཀྱང་ད་རེས་མ་གཏོགས་སྟབས་བདེ་ཞིག་མ་བྱུང་། ད་རེ་རྒན་པོས་ཁྱེད་ལ་འབུལ་བ་ཡིན། ད་ང་བློ་བདེ་སེམས་བདེ་ཡིན་ཞུས་ནས་དར་དང་སྐུ་འདྲ་བཅས་ཕྱག་ཏུ་ཕུལ་བས། མཁན་ཆེན་མཆོག་གིས་ཉིད་ཀྱི་དབུ་ཐོག་ཏུ་བཞག་སྟེ་མཛད་རྗེས་རྨད་དུ་བྱུང་བས་འགྲོ་ལ་སྨན་པའི་རྟེན་འབྲེལ་གྱི་དགེ་མཚན་མངོན་དུ་གྱུར་བས་ཐུགས་དགྱེས་དགྱེས་མཛད་ཅིང་རྒན་པོའི་འཆི་ཆོས་ལ་བར་ཆད་མེད་པའི་ཐུགས་སྨོན་ཡང་ཡང་གནང་ངོ་། །