༄༅། །ལྔ་རིག་སྨྲ་བའི་གཙུག་རྒྱན་མཁན་ཆེན་དམ་པ༸ཤེས་རབ་བཟང་པོ་མཆོག་གིས་ས་གླང་ལོར་བསྟན་དོན་བསྒྲུབས་ཚུལ་ཕྱོགས་ཙམ་བརྗོད་པ་འདོད་འབྱུང་ནོར་བུའི་དོ་ཤལ་ཞེས་བྱ་བ་བཞུགས་སོ། ། ༡༢ ༽


  ཟླ༦པའི་ཚེས༡རེས་གཟའ་ཕུར་བུ་དང་སྐར་མ་རྒྱལ་ཏེ་རྒྱལ་ཕུར་གྲུབ་སྦྱོར་བཟང་པོའི་ཉིན་མཁན་ཆེན་དམ་པ་མཆོག་ཁོང་དང་། གཞན་ཡང་མཁན་ཆེན་མཆོག་ལ་སྙུང་འདྲིར་ཕེབས་པའི་བླ་རུང་ཆོས་སྡེ་ཆེན་མོའི་མཁན་རིག་དར། མཁན་བསོད་དར། མཁན་བསྟན་དགའ། མཁན་ཚེ་དབང་དངོས་གྲུབ།  སྤྲུལ་སྟོབས་ལྡན། མ་ཟད་རྩྭ་ཤུལ་དགོན་གྱི་མཁན་སྤྲུལ་གསེར་རིའི་ཕྲེང་བ་ལྟ་བུ་དུ་མ་དང་དབེན་ཁྲོད་འདིའི་འདུས་སྡེ་བརྒྱ་ལྷག་གིས་རི་ཁྲུས་དང་རི་བསང་རྒྱས་པར་གནང་ནས་དཀར་ཕྱོགས་སྐྱོང་བའི་ལྷ་ཚོགས་ཐམས་ཅད་སྤྱན་དྲངས་ཤིང་བཞུགས་བསྟིམས་མཛད་དེ་བཀྲ་ཤིས་གཡང་སྒང་གི་ལ་རྩེ་ཐོག་མར་གསོས། ཟླ༦ཚེས༤སྟེ་སྟོན་པ་བཀའ་དྲིན་ཅན་གྱིས་ཆོས་འཁོར་བསྐོར་བའི་དུས་ཆེན་ཉིན་ནས་ཉིན་ཁ་ཤས་དགེ་ཚུལ་སློང་བརྒྱ་ལྷག་བསྒྲུབས་ཏེ་དབེན་གནས་བཀྲ་ཤིས་ཁྲི་གླིང་དུ་དམར་སེར་ངུར་སྨྲིག་འཛིན་པའི་ཁྱུ་ཚོགས་ཀྱིས་ཁྱབ་པར་བྱས། ཟླ༦ཚེས༡༥ཉིན་རོང་ཚའི་རི་ཁྲོད་དུ་བྱོན་སྐབས་ལམ་བར་དུ་མི་རྒན་ཞིག་གིས་རྡོ་རྗེ་རྣལ་འབྱོར་མའི་སྐུ་རྙིང་ཞིག་ཕུལ་བས་ཁོང་གིས་དེ་རིང་ཚེས༡༥སངས་རྒྱས་སྣང་བ་མཐའ་ཡས་ཀྱི་དུས་ཆེན་རེད། ཡག་འདུག་གསུངས་ཤིང་སྐུ་ཚེ་མི་ཤིགས་རྡོ་རྗེའི་གཤིས་སུ་འཚོ་བའི་རྟེན་འབྲེལ་ལེགས་པོར་འགྲིགས།