༄༅། །ལྔ་རིག་སྨྲ་བའི་གཙུག་རྒྱན་མཁན་ཆེན་དམ་པ༸ཤེས་རབ་བཟང་པོ་མཆོག་གིས་ས་གླང་ལོར་བསྟན་དོན་བསྒྲུབས་ཚུལ་ཕྱོགས་ཙམ་བརྗོད་པ་འདོད་འབྱུང་ནོར་བུའི་དོ་ཤལ་ཞེས་བྱ་བ་བཞུགས་སོ། ། ༡༡ ༽


  ལྷ་རྒྱལ་དགོན་དུ་གདན་ཞུས་ལྟར་ཕེབས་ནས་དཔེ་ཝར་མཆོག་སྤྲུལ་རིན་པོ་ཆེ་འཆི་མེད་རྡོ་རྗེ་མཆོག་དང་མཇལ་འཕྲད་མཛད་ཅིང་ཐུགས་ནང་གཅིག་འདྲེས་གྱུར། དེར་ཡོད་ཀྱི་ཡིད་ལྷུང་དགོན་ཁག་ལྔའི་ཆེ་དགུ་ཐམས་ཅད་དང་སེར་སྐྱ་གྲངས་མང་ལ་བཀའ་སློབ་ཉུང་ཤས་གནང་བ། དགོན་པ་རྣམས་ཕན་ཚུན་ཐུགས་མཐུན་མཛད་རྒྱུ་ཅི་ནས་ཀྱང་གལ་ཆེ། དགོན་པ་རྣམས་ཐུགས་མཐུན་དང་མི་མཐུན་ཁྱེད་བླ་སྤྲུལ་རྣམ་པ་ལ་རག་ལས་ཡོད། བླ་སྤྲུལ་རྣམ་པ་ཐུགས་མཐུན་ལེགས་པོ་ཞིག་མ་ཡོང་ན། དེས་རྐྱེན་གྱིས་གྲྭ་བ་དང་གྲྭ་བའི་བར་མི་མཐུན་པ་དང་། ཁྱིམ་པ་དང་ཁྱིམ་པའི་བར་མི་མཐུན་པ་འབྱུང་ནས་ཆགས་སྡང་དང་སྐུར་འདེབས་ཀྱི་ས་བོན་དུ་འགྱུར་འགྲོ། དེ་ལ་བརྟེན་ནས་སྐྱེ་བོ་གྲངས་ཀྱི་མི་ལངས་པ་ཞིག་ཕྱི་མར་དམྱལ་བའི་གནས་སུ་འགྲོ་ངེས་ཅན་རེད།ཁྱེད་རྣམ་པ་ཕན་ཚུན་ཐུགས་མཐུན་དང་གཙི་བཀུར་ཡང་དག་པ་ཞིག་བྱུང་ན་གྲྭ་བ་གཞན་པ་རྣམས་ཀྱང་ཕན་ཚུན་ཐུགས་མཐུན་དང་གཙི་བཀུར་འབྱུང་ཡོང་། མ་ཟད་མི་སྐྱ་ཕོ་མོ་ཐམས་ཅད་ལའང་ཡོན་ཏན་དེ་དག་རང་ཤུགས་ཀྱིས་འགོ་ཡོང་། དེས་ན་ཕན་ཚུན་ཐུགས་མཐུན་དང་གཙི་བཀུར་འདི་ཤིན་ཏུ་གལ་ཆེ། བླ་མ་ཡིད་བཞིན་ནོར་བུས། ཕན་ཚུན་གཅིག་གིས་གཅིག་ལ་མགོ་འདྲེན་དང་རམ་འདེགས་བྱ་དགོས་པའི་དུས་ཡིན་གྱི་མགོ་གནོན་དང་དམའ་འབེབས་བྱས་ན་གཞན་སུ་ལའང་མི་ཐུབ་ཀྱི་བསྟན་པ་རིན་པོ་ཆེ་ཉིད་ལ་ཐུབ་པ་ཡིན་པས་གཟབ་པར་བྱ་དགོས་ཞེས་གསུངས་ཡོད་རྒྱུ་དེ་རེད། དེས་ན་དགོན་པ་དང་དགོན་པའི་བར་ལ་ཅི་ནས་ཀྱང་མཐུན་པ་ཡག་པོ་ཞིག་འོང་རྒྱུ་ངས་སྙིང་ཐག་པ་ནས་རེ་བ་ཡིན། རེ་བ་གཉིས་པ་གང་ཡིན་ཞེ་ན། འཇིག་རྟེན་གྱི་ཁ་དཔེར། ཉམ་དེ་ཡི་ཆུང་ན་དུད་འགྲོ་ཟེར་རྒྱུ་བོ་རེད། དེ་རིང་སྐེ་གཅོད་རྒྱུ་ཡིན་ནའང་སྒུ་རེ་འདུག་འདུག་རྒྱུ་མ་གཏོགས་ཅི་ཡང་མི་ཤེས། དེས་ན་དུད་འགྲོ་ལས་ངན་འདི་ཐམས་ཅད་ཀྱིས་རང་རང་གི་གཅེས་སྲོག་ལ་བདག་པོ་རེ་བྱེད་ཆོག་པའི་གོ་སྐབས་ཤིག་སྤྲད་རྒྱུ་ནི་བླ་སྤྲུལ་མཁན་གསུམ་དང་གྲྭ་རྐྱང་དཀྱུས་མ་ཡན་ཆད་ཀྱི་འོས་འགན་ཡིན་པས་ཁྱེད་རྣམ་པས་ཁྱིམ་པ་ཐམས་ཅད་ལ་གོ་བརྡ་རེ་སྤྲོད་རོགས་ཞུ་རྒྱུ་དེ་ཡིན། ཞེས་སོགས་བསྟན་དང་འགྲོ་ལ་སྨན་པའི་བཀའ་མཆིད་མང་པོ་གནང་བས་བསྟན་པ་འཛིན་པའི་སྐྱེས་ཆེན་དམ་པ་འདི་མིན་ན་སུ་ཡིན་སྙམ་པའི་རྣམ་ཐར་རྗེན་ལ་བུད།