༄༅། །ལྔ་རིག་སྨྲ་བའི་གཙུག་རྒྱན་མཁན་ཆེན་དམ་པ༸ཤེས་རབ་བཟང་པོ་མཆོག་གིས་ས་གླང་ལོར་བསྟན་དོན་བསྒྲུབས་ཚུལ་ཕྱོགས་ཙམ་བརྗོད་པ་འདོད་འབྱུང་ནོར་བུའི་དོ་ཤལ་ཞེས་བྱ་བ་བཞུགས་སོ། ། ༡༠ ༽


  ཟླ༥པའི་ཚེས༡༠ཉིན་མཆོག་ཉིད་ཀྱིས་ཞལ་བཀོད་མཛད་དེ་ལུང་རིག་སྨྲ་བའི་སེངྒེ་མཁན་ཚེ་དབང་དངོས་གྲུབ་མཆོག་གསེར་ལྗོངས་བླ་མ་རུང་ནས་ཆེད་དུ་གདན་དྲངས་ཏེ་རང་དགོན་གྱི་མཁན་ཁྲིར་མངའ་གསོལ་ཞིང་མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་ལ་བསྔགས་བརྗོད་ཀྱི་མེ་ཏོག་སིལ་མ་ཡང་ཡང་འཐོར། ཚེས༡༣ཉིན་བཤད་གྲྭ་ཕུན་ཚོགས་རྣམ་རྒྱལ་གླིང་ནས་སློབ་མཐར་ཕྱིན་པ་རྣམས་ལ་མཁན་པོའི་མིང་རྟགས་གནང་།  ཉིན་དེར་སེར་སྐྱ་ཁྲི་ལྷག་ལ་འཇམ་དཔལ་དབྱངས་ཀྱི་རྗེས་གནང་གི་དབང་བསྐུར་བསྩལ། རང་དགོན་གྱི་མཁན་སྤྲུལ་རྣམ་པ་གཙོ་བོར་གྱུར་པའི་འདུས་སྡེ་ཡོངས་ལ་སྐྱབས་གཅིག་འཁོར་ལོའི་མགོན་པོ་ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུ་མཆོག་གིས་གཉན་པོ་གཡུ་རྩེ་རུ་གཏེར་ནས་སྤྱན་དྲངས་བའི་དཔལ་རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་ཀྱི་དབང་བསྐུར་ནས་མཇུག་ཏུ། ད་སྔོན་དགོན་པ་དང་བཤད་གྲྭའི་ཕྱི་ནང་གསང་གསུམ་གྱི་འགན་ཁུར་ནས་ང་རང་གི་ཚོད་ལ་ཞབས་ཕྱི་ཨང་དང་པོ་ཞིག་བསྒྲུབས་ཡོད། ད་ནི་ན་ཚོད་མཐོ་བ་དང་ནད་གཞི་ཆེ་བའི་སྟོབས་ཀྱིས་དགོན་གྱི་བཤད་སྒྲུབ་ཀྱི་བསྟན་པ་ཡོངས་རྫོགས་ཁྱེད་མཁན་སྤྲུལ་རྣམ་པ་ལ་དེ་རིང་ནས་གཏད་པ་ཡིན། ཕྱིས་སུ་བསྟན་པ་ཇི་ལྟར་སྤེལ་ཁྱེད་རྣམ་པ་ལ་རག་ལས་ཡོད། འཚོ་བའི་མཐུན་རྐྱེན་གྱི་ཞབས་ཕྱི་རེ་རང་ནུས་གང་ཡོད་ཀྱིས་བསྒྲུབ་ཆོག་གསུངས་ཤིང་བསྟན་པ་ཡོངས་རྫོགས་གཏད་དེ། དགའ་སྐྱོ་འདྲེས་མའི་ཚོར་སྣང་སྟེར་བའི་ཐུགས་བརྩེ་བའི་ཞལ་ཏ་མང་པོ་གནང་།