༄༅། །ལྔ་རིག་སྨྲ་བའི་གཙུག་རྒྱན་མཁན་ཆེན་དམ་པ༸ཤེས་རབ་བཟང་པོ་མཆོག་གིས་ས་གླང་ལོར་བསྟན་དོན་བསྒྲུབས་ཚུལ་ཕྱོགས་ཙམ་བརྗོད་པ་འདོད་འབྱུང་ནོར་བུའི་དོ་ཤལ་ཞེས་བྱ་བ་བཞུགས་སོ། ། ༩ ༽


  དེ་ནས་ཨ་ཡུལ་སྡེ་བས་གདན་ཞུ་ནན་ཕུལ་ལྟར་ཕེབས་གནང་མཛད་དེ།     དགེ་བསྐུལ་གོང་བཞིན་གྲངས་མང་བྱུང་། ཁང་དམར་དགོན་འདུས་སྡེ་ཡོངས་ཀྱིས་གསོལ་བ་བཏབ་པ་བཞིན་ཆིབས་བསྒྱུར་མཛད་དེ། ཆོས་འབྲེལ་དང་ལུགས་གཉིས་ཀྱི་བཀའ་སློབ་འབྱམས་ཀླས་པ་གནང་བས་དེར་ཡོད་སེར་སྐྱ་ཡོངས་ཀྱིས་དད་གུས་བླ་ན་མེད་པའི་ངང་སོར་བཅུའི་འདབ་མ་སྤྱི་གཙུག་ཏུ་ཟུམ། དགོན་དེའི་སྒྲུབ་གྲྭ་བ་རྣམས་ཀྱིས་ནན་ཞུས་ལྟར་གུ་རུའི་སྒྲུབ་ཕུག་ཏུ་ཕེབས་ནས་ཁྲུས་གསོལ་རབ་གནས་རྒྱ་ཆེར་མཛད་ཅིང་འཇམ་དཔལ་རྫོགས་པ་ཆེན་པོའི་གཞི་ལམ་འབྲས་བུའི་སྨོན་ལམ་གྱི་ཆོས་འབྲེལ་གནང་། 

  རྩྭ་ཤུལ་དགོན་དུ་ས་ཏྭ་ཆོས་ཚོགས་སྐབས་ཕེབས་ནས་སེར་སྐྱ་སྟོང་ཕྲག་དུ་མ་ལ་ཆོས་འབྲེལ་གནང་ཞིང་སྐྱབས་མེད་ཉམ་ཆུང་དུད་འགྲོ་རྣམས་ཀྱི་ཚེ་སྲོག་ལ་རང་དབང་སྦྱིན་དགོས་ཚུལ་དང་། ཁྱད་པར་གེ་འཛོའི་བསང་མཆོད་སྐབས་མི་ཡིས་སྐྱིད་སྐྱིད་བྱེད་ནས་དུད་འགྲོ་རྣམས་ལ་སྲོག་གཅོད་ཀྱི་སྡུག་བསྔལ་མི་གཏད་རྒྱུ་ངས་རེ་བ་ཡིན། ཆོས་འཇིག་རྟེན་གང་གི་ཐད་བསམ་བློ་གཏོང་ཡང་འདི་འོས་བབས་རྩ་བ་ནས་མི་འདུག་གསུངས་ཞོར་སྤྱན་ཆབ་བསིལ་ཞིང་ཐེངས་མང་བཤུམ་པས་ཐམས་ཅད་ཀྱིས་ངེས་པ་དོན་གྱི་བྱང་ཆུབ་སེམས་པ་ལོས་ཡིན་སྙམ་པའི་མི་ལྡོག་དད་པ་བརྟན་པོ་སྙིང་ནས་བརྙེད།