༄༅། །ལྔ་རིག་སྨྲ་བའི་གཙུག་རྒྱན་མཁན་ཆེན་དམ་པ༸ཤེས་རབ་བཟང་པོ་མཆོག་གིས་ས་གླང་ལོར་བསྟན་དོན་བསྒྲུབས་ཚུལ་ཕྱོགས་ཙམ་བརྗོད་པ་འདོད་འབྱུང་ནོར་བུའི་དོ་ཤལ་ཞེས་བྱ་བ་བཞུགས་སོ། ། ༨ ༽


  ལམ་བར་དུ་ལྕང་ལུང་དགོན་ལྷ་སྡེ་དང་བཅས་པས་བསུས་ཏེ་ཞབས་མཐིལ་སྤྱི་བོར་བླང་བས་འཕོ་ལུང་དང་ཚེ་འགུགས་རྒྱས་པར་གནང་།  མ་ཟད་དགེ་སྒྲུབ་སྡིག་སྤང་གི་བསླབ་བྱ་གནང་བས་སེམས་ཅན་ལ་འཚེ་བ་སྤང་བ་དང་། ཆང་དུད་དང་རྐུ་རྔོན་མི་ཚེ་རུ་སྤོང་བ་གྲངས་ཀྱིས་མི་ལངས་བ་བྱུང་། དགེ་འདུན་པ་རྣམས་ལ་སྤྱོད་ལམ་ཐམས་ཅད་དམ་ཆོས་འདུལ་བ་དང་མཐུན་དགོས་ཚུལ་དང་། ཁྱིམ་པ་རྣམས་ལ་བླ་སེར་གྱི་སྡོམ་པ་དང་དམ་ཚིག་ལ་བར་ཆད་མི་བཟོ་པར་གུས་བཀུར་དགོས་ཚུལ་སོགས་ཐུགས་བརྩེ་བའི་བསླབ་བྱ་མང་པོ་གནང་བས་ཀུན་གྱིས་དད་གུས་ཀྱི་མིག་ཆུས་གཞིན་རས་ཡང་ཡང་བརླན། གདོང་ཐོག་ལྷ་སྡེའི་མཆོག་དམན་ཀུན་གྱིས་ཞབས་རྡུལ་གཙུག་ཏུ་བཀུར་བས་འཕོ་ལུང་དང་ཚེ་འགུག་གནང་། གཞན་ཡང་དགེ་སྒྲུབ་སྡིག་སྤོང་རྣམ་གཞག་གིས་བླང་དོར་གྱི་མིག་ཕྱེས་ཏེ་ཀུན་གྱི་ཡིད་སེམས་ཆོས་ཀྱིས་ཚིམ་པར་མཛད། སེམས་ཅན་ལ་འཚེ་བ་སྤོང་བ་དང་། ཆང་དུད་དང་རྐུ་རྔོན་མི་ཚེ་རུ་སྤོང་བ་གྲངས་མང་བྱུང་། གདོང་ཐོག་ཁྱིམ་ཚང་གིས་གདན་ཞུས་ལྟར་ཕེབས་ཏེ་འགྲོ་མགོན་ཆོས་རྒྱལ་འཕགས་པ་དང་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ཟུང་གི་གཟིམ་ཆུང་།  མཁྱེན་བརྩེ་དབང་པོའི་གཟིམ་ཁྲིའུ་དང་ཚེ་མདའ།  ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་ཚེ་མདའ། མཆོག་གྱུར་བདེ་ཆེན་གླིང་པའི་ཚེ་མདའ་བཅས་ཀྱི་མདུན་རླབས་ཆེན་བསྟན་དོན་འགྲུབ་པའི་ཐུགས་སྨོན་ཟབ་རྒྱས་གནང་།