༄༅། །ལྔ་རིག་སྨྲ་བའི་གཙུག་རྒྱན་མཁན་ཆེན་དམ་པ༸ཤེས་རབ་བཟང་པོ་མཆོག་གིས་ས་གླང་ལོར་བསྟན་དོན་བསྒྲུབས་ཚུལ་ཕྱོགས་ཙམ་བརྗོད་པ་འདོད་འབྱུང་ནོར་བུའི་དོ་ཤལ་ཞེས་བྱ་བ་བཞུགས་སོ། ། ༧ ༽


  ཚེས༡༨ཉིན་ཆིབས་ཀྱི་བང་ཁ་གཞན་དུ་སྒྱུར་གནང་མཛད་ཁར། བླ་སྤྲུལ་རྣམས་དང་མི་སྐྱ་རྒན་རབས་འགན་ཁུར་མི་སྣ་བཅས་ཀྱིས་སོར་བཅུའི་འདབ་མ་མགྲིན་དབུས་སུ་ཟུམ་སྟེ། མཆོག་ཉིད་སླད་མའང་མངའ་ཡུལ་སྨན་ལྗོངས་ཕྱུག་མོ་རུ་ཞབས་ཟུང་གསེར་གྱི་འཁོར་ལོ་ཉེ་བར་བཀོད་དེ་ལུགས་གཉིས་ཀྱི་བཀའ་སློབ་ལྷུག་པར་གནང་དགོས་ཚུལ་ཞུ་གསོལ་ངག་གི་སྙེ་མ་ཡང་ཡང་བསྒྲེངས་བས་སླད་ནས་འབྱོན་པ་ཞལ་གྱིས་བཞེས། དེ་ནས་སེར་སྐྱ་ཡོངས་ཀྱིས་སྣང་སྲིད་དབང་དུ་སྡུད་པའི་གསོལ་འདེབས་ཚར་གསུམ་བཏོན་ནས་མཁན་ཆེན་དམ་པ་མཆོག་ཐུགས་དགྱེས་པའི་ཉམས་དང་བཅས་དལ་གྱིས་ཆིབས་བསྒྱུར་གནང་། ཆིབས་སྐྱེལ་བ་རྣམས་ཀྱིས་མྱུར་མགྱོགས་འཕྲུལ་གྱི་རྟ་མཆོག་ལ་དར་ཚོན་སྣ་ལྔ་དང་སྣང་ཆུང་གཡུ་ཡི་མེ་ཏོག་ཕྱི་ནང་གསང་གསུམ་གྱི་རྒྱལ་རྟགས་ཁྱུང་ཆེན་དར་ཆ་སོགས་ཀྱིས་བརྒྱན་ཏེ་ལ་རྩེ་འཕྲེང་སྒྲིག་པ་ལྟར་ཁྲ་སྤུང་ངེར་བཤར། ཁོང་གིས་ཞལ་ནས་སྤྱིར་ངས་དུས་རྒྱུན་སེམས་ཅན་རྣམས་ཀྱི་བ་སྤུའི་ཁུང་བུ་ཞིག་ལའང་གནོད་པ་མི་བྱེད་པའི་སྨོན་ལམ་འདེབས་ཀྱིན་ཡོད་ཀྱང་ད་སྐབས་འགྲོ་ལམ་སྟབས་མ་བདེ་བའི་རྐྱེན་གྱིས་རྟ་ཞོན་དགོས་ཐུག་སོང་། ཞོན་རྟ་དེ་དྲིན་ཅན་ཞིག་ཡིན། ད་རེས་ང་དང་འབྲེལ་བ་རེད་ཐལ། དེའི་བདག་པོ་སུ་ཡིན་ན་ཚེ་ཐར་བཟོ་རོགས་དང་རིན་ཅི་དགོས་ངས་སྦྱིན་གསུངས་ནས་སྒོར་སྟོང་ཕྲག་ཁ་ཤས་གནང་ངོ་། །