༄༅། །ལྔ་རིག་སྨྲ་བའི་གཙུག་རྒྱན་མཁན་ཆེན་དམ་པ༸ཤེས་རབ་བཟང་པོ་མཆོག་གིས་ས་གླང་ལོར་བསྟན་དོན་བསྒྲུབས་ཚུལ་ཕྱོགས་ཙམ་བརྗོད་པ་འདོད་འབྱུང་ནོར་བུའི་དོ་ཤལ་ཞེས་བྱ་བ་བཞུགས་སོ། ། ༦ ༽


  དེ་ནས་མཁན་ཆེན་དམ་པ་མཆོག་གིས་བླ་རུང་ཆོས་སྡེ་ཆེན་པོའི་དགེ་བཅུའི་ལུགས་སྲོལ་ཀྱང་རྒྱས་པ་ཁྲིད་དེ། དགེ་བཅུའི་སྲོལ་འདི་ཕྱོགས་སོ་སོར་དར་ཁྱབ་ཆེ་བས་མངའ་ཡུལ་སྨན་ལྗོངས་ཕྱུག་མོ་རུ་དགེ་བཅུའི་སྲོལ་འདི་འཇོག་ན་ཆོས་འཇིག་རྟེན་གང་ཐད་མཐུན་རྐྱེན་ལེགས་ཚོགས་འབྱུང་བའི་རྒྱུ་གཅིག་པུ་ཡིན་ཚུལ་གསུང་དབྱངས་འཛད་མེད་གངྒའི་རྒྱུན་བཞིན་བསྩལ་ཏེ་དགེ་བཅུའི་ལུགས་སྲོལ་གསར་དུ་ཕྱེས།    བླ་གྲྭ་རྣམས་ལ། སྤྱི་སྒེར་སུས་དོན་དུ་དཀྱིལ་འཁོར་གཉེན་པོ་ཞལ་ཕྱེས་ཀྱང་སྲོག་གཅོད་པའི་ཤ་མི་བཞེས་རྒྱུ་ནན་གསུང་མཛད་དེ་དམར་ཆོག་རྒྱུན་བཅད། ད་ནི་ཉིན་བཞིའི་རིང་དགེ་སྒྲུབ་སྡིག་སྤང་དགོས་ཚུལ་གོ་བརྡ་སྤྲད་ཡོད་པས་ཁས་ལེན་དམ་བཅའ་རན་སོང་། ཁས་ལེན་དམ་བཅའ་བྱེད་མ་བསམ་ན་ངས་རྒོད་རྒོད་བཙན་བཙན་གྱིས་ཁས་ལེན་དགོས་མི་ཟེར་རང་མོས་ཡིན། སེམས་ཐོག་ཏུ་གོ་བ་རེ་ལོན་ཡོན་ན་ཁས་ལེན་གྱིས་དང་ཧ་ཅང་བཟང་ཁི་ཞེས་བདེན་གསུངས་ཚངས་དབྱངས་རོལ་མོ་སྙན་འཇེབས་རྣ་བའི་བཅུད་དུ་དྲངས་པས་ཀུན་གྱི་སེམས་རྒྱུད་ཆོས་ཀྱིས་བརླན་ཏེ་ཚེ་ཐར་གྲངས་མང་འབུལ་བ་དང་། དུད་ཆང་དང་རྐུ་རྔོན། འགྲིག་ཤོ་དང་ཤོག་བག་སོགས་མདོ་ན་དགེ་བཅུའི་སྲོལ་ཡིག་ལས་ཇི་ལྟར་གསུངས་པ་བཞིན་སྡེ་བ་ཡོངས་ཀྱིས་ཁས་ལེན་དམ་བཅའ་ཡང་དག་པར་ཕུལ། མངའ་འཛིང་གཉིས་ཕན་ཚུན་མཐུན་ཐབས་རེ་གྱིས་དང་ངེད་བླ་རུང་ཆོས་སྡེ་ཆེན་མོས་ཀྱང་ཁྱེད་སྡེ་ཁག་གཉིས་ཀྱི་ཤི་བོ་རྣམས་ལ་བསྔོ་སྨོན་དང་གསོན་པོ་རྣམས་ལ་སྐྱབས་འཇུག་ཐུགས་གཏད་མཛད་ཆོག་ཚུལ་སོགས་གསུངས་ནས་འདིའི་དོན་ལ་ཁས་ལེན་དམ་བཅའ་ནན་མོར་བཅུག་སྟེ་བླ་སྤྲུལ་སུས་ཀྱང་མ་འགྲུབ་པའི་མཛད་རྗེས་དཔེ་མེད་ཅིག་བཞག        མི་རེ་ལ་ཡི་གེ་བརྒྱ་པ་འབུམ་ཐེར་སོགས་དགེ་སྐུལ་འབོར་ཆེན་མཛད། དགོན་པ་ལ་སྒོར་གྱི་གནང་སྦྱིན་དང་འབུལ་ནོར་རྟ་ཟོག་བརྒྱད་བཅུ་ལྷག་བཅས་ཕྱིར་གནང་སྦྱིན་མཛད། དེ་ལྟའི་འཕྲིན་ལས་ཀྱི་གྲིབ་བསིལ་སྣུམ་པོས་མངའ་ཡུལ་སྨན་ལྗོངས་ཕྱུག་མོའི་ཁོར་ཡུག་འབྱམས་པ་བྱས་ཏེ་ནམ་མཁའི་ཕ་མཐས་ཀྱང་གཞལ་དུ་མེད་པའི་བཀའ་དྲིན་གྱིས་ཡང་ཡང་བསྐྱངས་ཤིང་བསྟན་དོན་ལ་རླབས་ཆེན་གྱི་མཛད་རྗེས་བསུབ་ཏུ་མེད་པ་བཞག    ཆོས་ཚོགས་ཀྱི་མཇུག་གྲོལ་ཉིན་གཙུག་ལག་ཁང་སྟེང་དུ་འཇའ་འོད་ཀྱི་གུར་ཕུབ་པས་ངོ་མཚར་སྐྱེ་དགུའི་གླེང་མོལ་དུ་གྱུར་བ་མ་ཟད་འདྲ་པར་ཡང་ད་ལྟར་མཇལ་རྒྱུ་ཡོད།               

  ཉམས་དང་རྟོགས་པ་ཁོང་དུ་སྦས་བྱས་ཀྱང་། །

  གྲུབ་པའི་རྟགས་མཚན་ཕྱི་རུ་ཤོར་བ་འདིས། །

  བགྲང་ཡས་སྐྱེ་དགུའི་ཡིད་ཀྱི་འཛིན་མ་རུ། །

  དད་གསུམ་པད་དཀར་འདབ་སྟོང་དགོད་འདི་རྨད། །

  ཚེས༡༧ཉིན་འཛུམ་ལྷ་ཆབ་གཡུ་འབྲུག་ཁུག་ཉལ་གྱི་གཡོན་ཟུར་ལྗོང་མདོག་སྤང་ཐང་གི་ལྟེ་བ་ན།དྭངས་གསལ་རྙོག་པ་མེད་པའི་ཚྭ་ཆུ་རུ།ལུས་དཀར་ངང་མོ་མཚོ་ལ་ཞུགས་པ་ལྟ་བུའི་བརྟུལ་ཞུགས་གནང་ནས་ཚྭ་གཟིམས་མཛད།ཚྭ་ཆུའི་ལྟག་ན་ཆུ་མིག་ཅིག་ཡོད་པས།ཁོང་གིས།འདི་ཤིན་ཏུ་ལེགས་པོ་འདུག་དྲོ་གྲང་གང་འདོད་འདིས་བྱེད་ཆོག་འདུག་གསུངས།དེར་ཡོད་འགས་འདི་སྔོན་ཆད་ཡོད་རབས་མི་འདུག་ཕྱིས་སུ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་གཏེར་དུ་བཞེས་རབས་ཡོད་ཞུས་པས།ཨ་ཙི། ཨ་ཙི། འདི་ཆུ་མིག་བྱིན་ཅན་ཞིག་ཡིན་འདུག་གསུངས་ནས་ཉུང་ཤས་ཞལ་དུ་བཞེས།    ཉིན་དེར་ཡང་ཐུགས་དགྱེས་ཚོར་དཔེ་མེད་མཛད།