༄༅། །ལྔ་རིག་སྨྲ་བའི་གཙུག་རྒྱན་མཁན་ཆེན་དམ་པ༸ཤེས་རབ་བཟང་པོ་མཆོག་གིས་ས་གླང་ལོར་བསྟན་དོན་བསྒྲུབས་ཚུལ་ཕྱོགས་ཙམ་བརྗོད་པ་འདོད་འབྱུང་ནོར་བུའི་དོ་ཤལ་ཞེས་བྱ་བ་བཞུགས་སོ། ། ༥ ༽


  ཚེས༡༦ཉིན་ཀུན་གྱིས་རེ་ཞུས་ལྟར་འཕོ་ལུང་ཚེ་འགུགས་ཟབ་རྒྱས་གནང་། གཙུག་ལག་ཁང་རྟེན་དང་བརྟེན་པ་བཅས་ལ་རབ་གནས་ཀྱི་མེ་ཏོག་འཐོར། རྩྭ་ཤུལ་གཏེར་སྟོན་བསོད་ནམས་རྒྱ་མཚོ་མཆོག་གིས་ལྷ་སྡེ་འདི་ལ་གནང་བའི་རྡོ་ངོ་མཚར་ཅན་ཞིག་ཡོད་པས་དེ་ལའང་རབ་གནས་རྒྱ་ཆེར་མཛད། ངོ་མཚར་ཅན་གྱི་རྡོ་འདིའི་ལོ་རྒྱུས་ནི། དེ་འང་སྤྱི་ལོ་༡༩༥༧ལོར་རྩྭ་ཤུལ་གཏེར་སྟོན་བསོད་ནམས་རྒྱ་མཚོ་མཆོག་ལྷ་སྡེ་འདིས་ཡིད་ལྷུང་སྨད་དུ་གདན་ཞུས་ལྟར་ཕེབས་ནས་ཞག་བཅུའི་རིང་སིདྡྷི་དུང་སྒྲུབ་འཚོགས་ཤིང་ཉིན་མཚན་བར་མེད་དུ་འཛབ་དབྱངས་རྒྱུན་མི་ཆད་པ་བྱས་ཤིང་མཇུག་ཏུ་གུ་དྲག་གི་སྒྲུབ་པ་ཚད་ལྡན་ཞིག་བཅས་ཏེ་གནན་པའི་སྐབས། མི་སྐྱ་འགའ་ལ་གནན་དོང་རྐོས་གསུངས། མི་སྐྱ་རྣམས་ཀྱིས་གནན་དོང་གང་དུ་རྐོ་ཞུས་པས། ཨ་ཚང་མགོན་པོ་ལ། ཞི་ལུ་ཁྱོད་ཀྱི་གྲི་དེ་འདིར་ཁུར་ཤོག་གསུངས། ལེགས་སོ་ཞུས་ནས་གྲི་ཕྱག་ཏུ་ཕུལ་བས། ཁོང་གིས་གྲི་སྐོར་ཞིག་འཕེན་དུས་དགུན་ལྷགས་རླུང་ངར་མའི་རེག་བྱས་གནར་བའི་ས་འཁེངས་ནང་དུ་མཐོ་གང་ཙམ་ཟུག་སོང་བས། དེར་ཡོད་རྣམས་ངོ་མཚར་དཔག་མེད་སྐྱེས། གནན་དོང་དེར་རྐོས་གསུངས། དེར་ཡོད་འགས་རྐོས་པས་ཤིན་ཏུ་རྐོ་དཀའ་བ་བྱུང་། དེ་ནས་གནན་པ་བརྒྱབས་པས་སྒྲུབ་པ་འདི་ཤིན་ཏུ་ལེགས་པོ་ཞིག་རེད་ཐལ་གསུངས། དེའང་ཐུགས་ཉམས་འུར་ཏེ་སྲ་མཁྲེགས་རྡོ་ཡི་གོང་བུ་ཞིག་ལ་ཁུང་བཏོད་ཅིང་བྱིན་རླབས་རབ་གནས་རྒྱ་ཆེར་མཛད་སྐབས་ཚེ་རིང་ཕུན་ཚོགས་ཞེས་པའི་རྒན་པོ་ཞིག་དེ་རུ་འབྱོར་བྱུང་བས་གཏེར་ཆེན་མཆོག་གི་ཞལ་ནས། རྒན་པོ་ཁྱོད་ཀྱི་མིང་ལ་ཅི་ཟེར་གསུངས་པས། རྒན་པོས། ངའི་མིང་ལ་ཚེ་རིང་ཕུན་ཚོགས་ཟེར་བ་ཡིན་ཞུས་པས། རྟེན་འབྲེལ་ཤིན་ཏུ་འགྲིག་ཐལ་འདི་ཁུར་ནས་སྦྲ་འདི་ལ་གཡས་བསྐོར་ཞིག་བཟོས་ཤོག་གསུངས་པས་རྒན་པོས་སྦྲ་ལ་གཡས་བསྐོར་ཞིག་བརྒྱབས་ནས་བླ་མ་ལ་ཕུལ་བས་ཁོང་གིས་འོ་ཡ་རྡོ་འདི་རབ་ན་ཁྱེད་ཅག་གིས་ཕ་ཡུལ་ལ་བསླེབ་ཐབས་གྱིས། དེ་ལྟར་བསླེབ་མ་ཐོན་ནའང་། ཕ་ཡུལ་གྱི་རི་མགོ་མཐོང་ས་ཞིག་ཏུ་ཞོགས་དང་། ཁྱེད་ཅག་སྡེ་བ་འདི་ལ་མ་འོངས་པར་བདེ་སྐྱིད་ཀྱི་ཉི་མ་ཞིག་འཆར་བའི་དགོས་པ་ཡོད་གསུངས་ཤིང་བསང་ཡིག་རྒྱས་པ་ཞིག་ཀྱང་མཛད་དེ་མཉམ་དུ་གནང་། འོན་ཀྱང་གངས་ལྗོངས་མཐའ་དབུས་མེད་པར་དུས་འཁྲུགས་ཀྱི་མུན་པ་ཆེས་ཆེར་རྡོལ་སྐབས་དང་འཕྲད་ནས་ངོ་མཚར་ཅན་གྱི་རྡོ་ཡི་གོང་བུ་འདི་དང་བསང་ཡིག་གཉིས་ཀ་ཉར་ཚགས་བྱེད་པའི་གོ་སྐབས་མ་རྙེད། ཕྱིས་སུ་རྒན་པོ་བསམ་ཤེས་ཅན་རྣམས་ཀྱི་ངག་བཞིན་སྤྱི་ལོ༢༠༠༣ལོར་རྟ་མི་བཅོ་ལྔ་ཙམ་ཞིག་ཆེད་དུ་བྱིན་རླབས་ཅན་གྱི་རྡོ་འདི་བཙལ་སར་སོང་བས་དཀའ་ཚེགས་མེད་པ་བསོད་ནམས་རྣམ་རྒྱལ་ཞེས་པས་ལེགས་པར་བརྙེད་ནས་དེ་ཡོད་ཀུན་གྱིས་རང་ཡུལ་དུ་གདན་དྲངས་བས། གཏེར་ཆེན་མཆོག་གིས་ཐུགས་བསྐྱེད་བླ་ན་མེད་པ་དང་ངེད་ཅག་གི་བསོད་ནམས་གཉིས་ནང་འཛོམས་ཏེ། གཏེར་ཆེན་མཆོག་གཙོས་འཕགས་བོད་གྲུབ་བརྙེས་ཡོངས་ཀྱི་སྤྲུལ་པའི་ཟློས་གར་ཆེན་མོ་དམ་པ་འདི་ཉིད་ད་སྐབས་སྨན་ལྗོངས་ཕྱུག་མོར་ཕེབས་ནས་མཛད་འཕྲིན་གྱིས་དཀར་འཇམ་ཡུག་གཅིག་ཏུ་ཁྱབ་ཅིང་ཐམས་ཅད་ཐར་བའི་ལམ་སྣ་ཟིན་པའི་དགེ་མཚན་འདི་ལ་དགོངས་པ་ཡིན་ནམ་སྙམ་མོ། །