༄༅། །ལྔ་རིག་སྨྲ་བའི་གཙུག་རྒྱན་མཁན་ཆེན་དམ་པ༸ཤེས་རབ་བཟང་པོ་མཆོག་གིས་ས་གླང་ལོར་བསྟན་དོན་བསྒྲུབས་ཚུལ་ཕྱོགས་ཙམ་བརྗོད་པ་འདོད་འབྱུང་ནོར་བུའི་དོ་ཤལ་ཞེས་བྱ་བ་བཞུགས་སོ། ། ༤ ༽


  ཚེས༡༥ཉིན་བདེ་ཆེན་ཞིང་དབང་བསྐུར། བདེ་བ་ཅན་དུ་སྐྱེ་བའི་རྒྱུ་བཞི་ཁྲིད། གཞན་ཡང་། ཐམས་ཅད་ཀྱིས་དུས་རྒྱུན་དུ་བདེ་བ་ཅན་ལ་སྐྱེ་བའི་སྨོན་ལམ་འདེབས་རྒྱུ་དང་། མ་མཐའ་ཡང་སྲོག་མི་གཅད་པའི་སྡོམ་པ་སོགས་སྡོམ་པ་སྣ་རེ་ཁྱིམ་པའི་སྐྱེ་བོ་རྣམས་ཀྱིས་ལེན་རྒྱུ་དང་། སྐྱེ་བོ་མཆོག་དམན་རབ་འབྲིང་སུ་ལའང་བསམ་པ་བཟང་པོ་འཆང་རྒྱུ་སྟེ་ཕ་གཅིག་རྡོ་རྗེ་འཆང་དངོས་བླ་མ་ཡིད་བཞིན་ནོར་བུའི་འདའ་ཁའི་ཞལ་ཆེམས་ཚིག་གསུམ་མ་རྒྱས་སྤྲོས་ངང་གཅེས་ནོར་གྱི་ཚུལ་དུ་གནང་། གཞན་ཡང་རྡོ་གྲུབ་ཀུན་བཟང་གཞན་ཕན་གྱི་མ་འོངས་ལུང་བསྟན་ལས། གསེར་རྔ་དམ་ལྷ་ཡི་བླ་ལུང་དུ། ། དཔལ་ཨོ་རྒྱན་གྱི་སྤྲུལ་པ་འཇིགས་མེད་མཚན། ། འཁོར་རྣམ་བཞིའི་བྱང་སེམས་སྡེ་ཚོགས་ལ། ། ཆོས་མདོ་སྔགས་ཀྱི་བསྟན་པ་ཉི་བཞིན་གསལ། ། ཁོང་འགྲོ་དོན་ས་བརྟན་སྤོ་ལ་རེག    ། འཁོར་དག་པའི་གདུལ་བྱ་ཕྱོགས་བཅུར་ཁྱབ། ། དེར་འབྲེལ་ཀུན་བདེ་ཆེན་ས་ལ་འགོད། ། ཅེས་པའི། ཆོས་རྗེ་ཡིད་བཞིན་ནོར་བུ་མཆོག་འབྲེལ་ཚད་བདེ་བ་ཅན་དུ་ཁྲིད་པའི་དེད་དཔོན་ཡིན་ཚུལ་གྱི་འཁྲུལ་མེད་རྡོ་རྗེའི་བཀའ་ལུང་རྣམས་ཚིག་རྐང་རེ་རེ་བཞིན་འབྲུ་གཉེར་ནས་མགྲིན་པ་ལོངས་སྤྱོད་འཁོར་ལོའི་གདངས་ལས་ཡང་ཡང་འཕོས། ཁྱེད་ཅག་གིས་རེ་ཞུས་བཞིན་སྐྱབས་གཅིག་འཁོར་ལོའི་མགོན་པོ༧ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུ་མཆོག་གིས་དགོན་འདི་ཞབས་བརྟན་དགོན་པ་བརྒྱད་ཀྱི་གྲལ་དུ་བཞག་པ་མ་ཟད་བླ་རུང་འདོད་དོན་ཀུན་འགྲུབ་གླིང་ཞེས་པའི་མཚན་གྱི་ཅོད་པན་གནང་ནས་འཇམ་དཔལ་རྒྱུད་ལུགས་ཀྱི་སྒྲུབ་པ་ཞིག་ཀྱང་ཚུགས་གསུངས་པའི་སྐལ་བ་འདི་གཅིག་པུ་ཡང་ཁྱེད་ཅག་བསོད་ནམས་ཅན་རེད། ཐམས་ཅད་ཀྱིས་རྒྱུན་དུ་མགོན་པོ་འོད་དཔག་མེད་དང་བླ་མ་ཡིད་བཞིན་ནོར་བུ་གཉིས་དབྱེར་མེད་ངང་གསོལ་བ་བཏབ་རྒྱུ་ནམ་ཡང་མ་བརྗེད་གསུངས་པས། ཀུན་ཀྱང་ལྷ་དང་བླ་མ་ལ་མི་ལྡོག་དད་པའི་གནས་ལ་བཀོད་དེ་བདེ་ཆེན་ཞིང་གི་སྒོ་འཕར་ཡངས་པོར་ཕྱེས།