༄༅། །ལྔ་རིག་སྨྲ་བའི་གཙུག་རྒྱན་མཁན་ཆེན་དམ་པ༸ཤེས་རབ་བཟང་པོ་མཆོག་གིས་ས་གླང་ལོར་བསྟན་དོན་བསྒྲུབས་ཚུལ་ཕྱོགས་ཙམ་བརྗོད་པ་འདོད་འབྱུང་ནོར་བུའི་དོ་ཤལ་ཞེས་བྱ་བ་བཞུགས་སོ། ། ༣ ༽


  ཚེས༡༤ཉིན་དམ་པ་གསུམ་ཆ་ཚང་ཞིག་ལྗགས་ཁྲིད་གནང་སྟེ་མཇུག་གི་བཀའ་སློབ། ཁྱོད་ཚོས་སློབ་གྲྭ་ལ་རྒྱབ་སྐྱོར་དགོས། ན་ནིང་ཡིན་ན། ཁྱོད་ཚོས་སློབ་གྲྭ་ལ་རྒྱབ་སྐྱོར་ཆེན་པོ་མི་འདུག    དེ་གཏན་ནས་མི་ཉན། སློབ་གྲྭ་ཡོད་ན་རིག་གནས་ཤེས་འོང་།     རིག་གནས་ཤེས་ན་ཆོས་དང་འཇིག་རྟེན་གྱི་བྱ་བ་ཅི་འདྲ་བསྒྲུབ་དགོས་ནའང་དཀའ་ངལ་མེད། རིག་གནས་དེའང་བོད་རང་གི་སྐད་ཡིག་དང་གོམས་གཤིས་རིག་གཞུང་གི་བརྗོད་བྱ་སོགས་ཐུན་མིན་གྱི་ཁྱད་ཆོས་རྣམས་མཐར་ཕྱིན་པ་ཁོང་དུ་ཆུབ་པར་བྱས་ཏེ། གཞན་གྱི་རིག་གནས་དགོས་མཁོ་ཅན་རྣམས་ལ་ངེས་པར་སློབ་དགོས། དེས་ན་རིག་གནས་འདི་ཤིན་ཏུ་གལ་ཆེ། རིག་གནས་མེད་ན་བྱ་བ་རླབས་ཆེན་མི་འགྲུབ་པ་མ་ཟད་ཁ་ཟས་རྒྱབ་གོས་ཀྱང་སྡུག་ཐུག་དང་ངན་ངོན་མ་གཏོགས་མི་འགྲུབ། འུ་ཅག་གིས་ཧ་གོ་རྒྱུ་འདི་རེད། རོང་འབྲོག་གི་རྒན་པོ་རྒན་མོ་ཕལ་ཆེ་བས་རང་གིས་ཀྱང་རིག་གནས་མི་ཤེས། བྱིས་པ་རྣམས་ཀྱང་སློབ་གྲྭར་མི་མངགས། ཐ་ན་ཉིན་གཅིག་ཀྱང་སོས་དལ་འདུག་ཁོམ་མེད་པར་དབྱར་དགུན་སྟོན་དཔྱིད་ཐམས་ཅད་རྒྱུག་འདུག་ཀྱང་། རྒྱུག་རྒྱུག་འདུར་འདུར་གྱི་འབྲས་བུ་གང་རེད་བྱས་ན་ཁ་ཟས་རྒྱབ་གོས་སྣེ་ཐུག་ལ་མི་ཐུག་ལ་རེ་མ་གཏོགས་བྱ་བ་ལས་དཀའ་གཞན་པ་ཞིག་གང་ཡང་འགྲུབ་མི་འདུག    ཐམས་ཅད་ལ་རྒྱུས་ཡོད་ཀྱི་སྐད་ཆ་ཡིན། ད་ཕྱིན་ཆད་ཀྱང་སློབ་གྲྭར་མ་སོང་རིག་གནས་མ་སྦྱོང་ན་འདིའི་འགག་འཕྲང་ལས་ཐར་བའི་གོ་སྐབས་ཤིག་ནམ་ཡང་མེད། ས་ཆ་ལ་ལར་བྱིས་པ་རྣམས་སློབ་གྲྭར་མི་མངགས་ཤིང་སློབ་གྲྭ་མི་དགོས་རིག་གནས་མི་དགོས་ཟེར། དེ་རྩ་བ་ནས་ཟེར་མི་ཉན། ས་ཁུག་གི་སྐད་ཆ་དང་བླུན་པོའི་སྐད་ཆ་དང་མི་རིགས་གཞན་གྱིས་ཐོས་ན་ཁྲེལ་འོང་བའི་སྐད་ཆ་རེད། དེང་སང་འཛམ་གླིང་གི་མི་རིགས་ཡོངས་ཀྱིས་སློབ་གྲྭ་དང་རིག་གནས་ལ་མཐོང་ཆེན་བྱེད་ཅིང་རང་རང་གི་ཆོས་ལུགས་དང་རིག་གནས་ཕྱོགས་གང་སར་སྤེལ་ནས་འུར་ཟིང་ཟིང་བྱེད་སྐབས་འདིར། སའི་གོ་ལའི་སྟེང་དུ་སུས་ཀྱང་འགྲན་དུ་མེད་པ་གདུགས་བཞིན་དུ་འཁོར་བའི་ཕ་མེས་གངས་ཅན་པའི་རིག་གཞུང་དགོས་འདོད་འབྱུང་བའི་ནོར་བུ་ལྟ་བུ་འདི་འུ་ཅག་གིས་ཅིའི་ཕྱིར་བདག་པོ་དང་གཅེས་སྤྲས་མི་བྱེད། ན་གཞོན་རྣམས་ཀྱིས་གཅེས་སྤྲས་བྱེད་རྒྱུ་གཅིག་པུ་འདི་ཡིན། ལ་ལས་གཞན་ཟེར་རྗེས་བརྗོད་ཀྱིས་ཕ་མེས་ཀྱི་རིག་གཞུང་དང་ཡ་རབས་ཀྱི་ཡུལ་སྲོལ་གོམས་གཤིས་འདི་དག་གད་སྙིགས་ནང་དུ་འདོར་དགོས་པའི་ཐན་སྐད་དང་། ལ་ལས་རྩྭ་ས་རེ་རྩོད་གླེང་བྱེད་ཅིང་ཁྱོད་ཤི་ང་སོས་ཀྱི་བླུན་གཏམ་བཤད་རྒྱུ་འདི་དག་འུ་ཅག་ཡར་རྒྱས་འོང་བའི་བཀག་རྡོ་ཡིན་པ་སུས་ཀྱང་ཤེས་དགོས། དེ་ན་ཕན་ཚུན་འགྲིག་མཐུན་དགོས་རྒྱུ་རྩ་བ་ཡིན། དེ་ལ་བརྟེན་ནས་ཕ་མ་ཚོས་བྱིས་པ་རྣམས་སློབ་གྲྭར་མངག་ཏེ་སློབ་སྦྱོང་ལེགས་པོར་བཅུག་ན་རང་རོགས་ཐམས་ཅད་ཀྱི་དོན་གལ་ཆེན་རེད། བླ་སྤྲུལ་རྣམ་པ་དང་འགོ་ཁྲིད་རེད། བསམ་ཡོད་ཤེས་ལྡན་ཐམས་ཅད་ཀྱིས་སློབ་གྲྭ་ལ་རྒྱབ་སྐྱོར་དགོས། རྩིས་ཆེན་དགོས། སློབ་གྲྭ་དང་རིག་གནས་ལ་བརྩི་མཐོང་མེད་ན་རང་གཞན་ཐམས་ཅད་ཀྱི་བདེ་སྐྱིད་མཐའ་དག་རྡོག་པའི་འོག་ཏུ་བརྫི་ཚར་བ་རེད། གོ་ཨེ་བྱུང་། དེས་ན་བོད་རང་གི་སྐད་དང་ཡི་གེ་ཡ་རབས་ཀྱི་གོམས་གཤིས་སོགས་ལ་འུ་ཅག་གིས་ནུས་པ་གང་ཡོད་ཀྱིས་བྱ་བ་སྒྲུབ་རྒྱུ་རང་རང་གི་ཕྲག་ཏུ་བབ་པའི་འོས་འགན་རེད་ཅེས་སོགས་ཀྱི་ལྗགས་མཆིད་རྨད་དུ་བྱུང་བ་མང་པོ་གནང་བས། ཐམས་ཅད་སོམ་ཉིའི་སྦུབ་ལས་གྲོལ་ཏེ་ཡིད་ཆེས་ཀྱི་གནས་ལ་བཀོད།