༄༅། །ལྔ་རིག་སྨྲ་བའི་གཙུག་རྒྱན་མཁན་ཆེན་དམ་པ༸ཤེས་རབ་བཟང་པོ་མཆོག་གིས་ས་གླང་ལོར་བསྟན་དོན་བསྒྲུབས་ཚུལ་ཕྱོགས་ཙམ་བརྗོད་པ་འདོད་འབྱུང་ནོར་བུའི་དོ་ཤལ་ཞེས་བྱ་བ་བཞུགས་སོ། ། ༢ ༽


  ཚེས༡༣ཉིན་ཐོག་མར་ཐུན་མོང་སྐྱབས་འགྲོའི་བསླབ་བྱ་དང་སྡོམ་པ་གནང་ནས། ཆོས་ནི་མདོར་ན་མི་འཚེ་བ།  །དེ་བཞིན་གཤེགས་པ་རྣམས་ཀྱིས་གསུངས།  །ཞེས་པ་འདི་རེད། འདི་ལ་མི་ཤེས་རྒྱུ་མེད། ནོར་ས་མེད། མཁས་བླུན་སུས་བལྟས་ཀྱང་ཤེས་རྒྱུ་འདི་རེད།    དེ་ཡིན་ན་སྤྱིར་འུ་ཅག་བོད་པ་ཚང་མ་སངས་རྒྱས་བཅོམ་ལྡན་འདས་སྟོན་པར་ཁས་ལེན་ཅིང་། ལས་རྒྱུ་འབྲས་སྨྲ་བའི་གང་ཟག་དང་། ཐེག་པ་ཆེན་པོའི་རིགས་ཅན་ཤ་སྟག་ཡིན་ཟེར་བ་རེད། དེ་ཡིན་ན།    སྟོན་པ་ཁས་ལེན་ཅིང་། ལས་འབྲས་ཀྱང་སྨྲ། ཐེག་ཆེན་པ་ཡིན་ཟེར་ཞོར་རྟ་ཟོག་ར་ལུག་སོགས་གསོད་གཅོད་གཏུབ་གསུམ་བྱེད་རྒྱུ་འདི་ཅི་འདྲ་རེད།     ཆོས་པ་གཞན་དང་མི་རིགས་གཞན་གྱིས་དྲི་བ་རེ་བཀོད་འོང་ན་ལན་ཅི་འདྲ་འདེབས་བསམ་ཁི།    ཐམས་ཅད་ཀྱིས་བསམ་བློ་ཐོངས་དང་།  འདི་ཁ་ཙམ་གྱི་སྟོན་པར་འཛིན་པ་དང་།    ཁ་ཙམ་གྱི་ལས་འབྲས་སྨྲ་བ་དང་།     ཁ་ཙམ་གྱི་ཐེག་ཆེན་པ་དང་། ཁ་ཙམ་གྱི་ཆོས་པ་རེད་འདུག་གམ་མི་འདུག        ཁ་མིན་སྙིང་གི་ཆོས་པ་རྣམ་དག་ཅིག་ཡིན་ན་སྒོ་ཕྱུགས་རྣམས་ལ་ཤ་ཚ་སྙིང་རྗེ་མེད་པ་འདི་འདྲའི་འཚེ་བ་ཞིག་གཏན་ནས་བྱེད་རྒྱུ་མ་རེད།    འདི་དག་སེམས་ཐོག་ནས་ཁས་ལེན་མི་ལེན་དང་།     ཡིད་ཆེས་ཡོད་མེད་ལ་ཐུག་ཡོད། དཔེ་ན་གཞན་གྱིས་ཁྲིམས་ནན་མོ་ཞིག་གིས་ཁྱོད་ཀྱིས་སེམས་ཅན་རྣམས་ལ་འཚེ་བ་གཏན་ནས་མི་ཆོག        གལ་ཏེ་བྱུང་ན་ཁྱོད་ལ་འོས་བབ་དང་བསྟུན་པའི་ཉེས་ཆད་གཅོད་རྒྱུ་ཡིན་བྱས་ན། ཁོས་ངེས་པར་སེམས་ཅན་རྣམས་ལ་འཚེ་བ་ཕོད་རྒྱུ་མ་རེད། གང་ཞེ་ན།  ཁོས་སེམས་ཐོག་ནས་མི་ཕོད་པ་རེད། དེ་ཡིན་ན། སྟོན་པ་བཀའ་དྲིན་ཅན་གྱི་གསུང་བས་ཀྱང་གཞན་གྱི་ཁྲིམས་ནན་མོ་ཞིག་ལ་གུས་བཀུར་ཆེ་བ་འདིས།སྟོན་པ་ལ་ཡིད་ཆེས་ཆུང་བ་དང་ལས་འབྲས་ལའང་དེ་ཙམ་དང་། ཐེག་ཆེན་པ་ཡིན་མིན་ཀྱང་དེ་ཙམ་གྱིས་ཤེས་ནུས།    དེས་ན་ཐམས་ཅད་ཀྱིས་བསམ་བློ་དྲང་མོ་ཐོངས་དང་། རང་རེ་རྣམས་དང་འབྲེལ་བའི་སེམས་ཅན་འདི་དག་ཀྱང་བདེ་བ་ལ་དགའ།སྡུག་བསྔལ་ལ་མི་དགའ་བ་འུ་ཅག་མི་དང་འདྲ་འདྲ་རེད།  ཉམ་ཆུང་དུད་འགྲོ་འདི་རྣམས་ཀྱི་གཅེས་སྲོག་སྣང་མེད་དུ་དོར་ནས་གསོད་གཏུབ་ཀྱི་འཁོར་ལོ་བསྐོར་ཏེ་ཤ་ཁྲག་ལ་ལོངས་སྤྱོད་པ ་འདི།སྟོན་པ་འདི་ལ་གུས་པའི་གང་ཟག་ཅིག་མི་དགོས།  ཤེས་པ་རང་བཞིན་དུ་གནས་པ་ཞིག་གཏན་ནས་མི་འདྲ་བ ས།ཀུན་གྱིས་བསམ་བློ་ནང་དུ་སྐོར་ཏེ་བླང་དོར་བྱེད་རྒྱུ་ཅི་ནས་ཀྱང་གལ་ཆེ་ཚུལ་སོགས་ཀྱི་ལྗགས་ཆབ་དྲོན་མོ་འཛད་པ་མེད་པའི་ཆར་རྒྱུན་ལྟར་བསྙིལ་བས། མངའ་མང་ལྷ་སྡེའི་སྐྱེ་བོ་ཡོངས་དང་སྔོན་བསགས་བསོད་ནམས་ཀྱིས་ཉེ་བར་བཀུག་པའི་ཕྱོགས་དང་ཕྱོགས་ཀྱི་དད་ལྡན་གྱི་མགྲོན་པོ་ཐམས་ཅད་ཀྱང་མི་འཕྲོག་དད་གསུམ་གྱིས་བ་སྤུའི་ཁྲི་ཤིང་ལྷག་པར་ལྡེམ།