༄༅། །ལྔ་རིག་སྨྲ་བའི་གཙུག་རྒྱན་མཁན་ཆེན་དམ་པ༸ཤེས་རབ་བཟང་པོ་མཆོག་གིས་ས་གླང་ལོར་བསྟན་དོན་བསྒྲུབས་ཚུལ་ཕྱོགས་ཙམ་བརྗོད་པ་འདོད་འབྱུང་ནོར་བུའི་དོ་ཤལ་ཞེས་བྱ་བ་བཞུགས་སོ། ། ༡ ༽


དམིགས་མེད་སྙིང་རྗེ་ཆེན་པོའི་གཞན་དབང་གིས།  །  

རྩོད་ལྡན་གདུལ་དཀའི་ལུས་ཅན་རྗེས་བཟུང་སྟེ།  །  

ཐེག་གསུམ་ལམ་ལ་འགོད་མཛད་བཀའ་དྲིན་ཅན།  །  

སྟོན་མཆོག་ཐུབ་དབང་ལྷ་མིའི་མཆོད་སྡོང་རྒྱལ།  །   

 

འཇི༵གས་མེ༵ད་ཡང་དར་བསྟན་པའི་གདུགས་དཀར་བསྒྲེངས།  ། 

ཕུ༵ན་ཚོ༵གས་རྒྱལ་རྔ་སྲིད་འདིར་ལན་བརྒྱར་བརྡུངས།  ། 

ལུས་ཅན་ཕན་བདེའི་འབྱུ༵ང་གན༵ས་མ་ཎི་ཀ ། 

སྤྱི་གཙུག་རལ་པའི་ཁྲི་ཁར་གུས་པས་བསྙེན།  །     

 

ཤེ༵ས་བྱའི་ཆོས་ཀུན་མཁྱེན་པའི་མེ་ལོང་ངོར།  །  

ར༵བ་འབྱམས་མདོ་སྔགས་གཞུང་བརྒྱའི་གཟུགས་བརྙན་བཀྲ།  །  

སྐལ་བཟ༵ང་གདུལ་བྱ་འདུལ་བའི་ཐབས་མཁས་ཅན།  །  

རིགས་ཀྱི་བདག་པོ༵་ཚེ་རབས་ཕྲེང་བར་མཆོད།  ། 

 

  ཅེས་མཆོད་བརྗོད་ཉུང་ངུས་མདུན་བསུས་ཏེ་གང་གླེང་བར་བྱ་བ་ནི། དེ་ལ་འདིར་ལུང་རིགས་མན་ངག་རྒྱ་མཚོ་ལ་མཁྱེན་སྤྱན་ཡངས་བའི་མཁན་ཆེན་དམ་པ༧ཤེས་རབ་བཟང་པོ་མཆོག་གིས་བོད་རབ་བྱུང་བཅུ་བདུན་པའི་ས་མོ་གླང་གི་ལོ་སྟེ་ཕྱི་ལོ༢༠༠༩ལོར་ཕྱོགས་ཀྱི་དགོན་སྡེ་དུ་མས་གདན་ཞུས་སྟར་ཕེབས་ཏེ་བསྟན་དོན་རླབས་པོ་ཆེ་བསྒྲུབས་ཚུལ་ཕྱོགས་ཙམ་སྨྲ་བ་ནི། དེ་ཡང་ས་ག་ཟླ་བའི་ཚེས༡༢རེས་གཟའ་ཕུར་བུ་དང་སྐར་མ་ནག་པ་སྟེ་ལེགས་པ་བརྒྱད་འཛོམས་ཀྱི་ཉིན།  མཁན་ཆེན་དམ་པ་མཆོག་འཕྲུལ་གྱི་ཕེབས་འཁོར་དུ་བདེ་བར་ཞུགས་ཤིང་མདོ་སྨད་གསེར་མོ་ལྗོངས་ལྔ་རིག་ཆོས་ཀྱི་གྲོང་ཁྱེར་ནས་གདན་བཏེགས་ཏེ།  མངའ་མང་སྡེ་བ་འམ་མངའ་ཡུལ་སྨན་ལྗོངས་ཕྱུག་མོའི་ཕྱོགས་སུ་ཁ་ལོ་དལ་བུར་བསྒྱུར་བས།    སྨན་ལྗོངས་ཕྱུག་མོའི་སྐྱེ་བོ་ཡོངས་ཀྱིས་ལམ་བར་ལམ་བར་དུ། གཡུ་ཤུག་ལོ་མ་མེ་ལ་བསྲེག་པའི་དྲི་ཞིམ་ལྷ་བསང་དཀར་པོའི་དུད་སྤྲིན་གྱིས་མཁའ་དབྱིངས་དཀྲིགས་ཤིང་། རྨིག་བཞི་རླུང་གིས་སྐུལ་བའི་རྟ་མཆོག་དང་མྱུར་མགྱོགས་འཕྲུལ་གྱི་རྟ་ཕོ་རྣམས་ཕན་ཚུན་བང་ཁ་འགྲན་པའི་ཚུལ་གྱིས་ལྷ་དར་དཀར་པོ་རླུང་གིས་བསྐྱོད་དེ་བསུ་བ་བྱས།    ངུར་སྨྲིག་གི་རྒྱལ་མཚན་འཆང་ཞིང་བསླབ་པ་གསུམ་གྱིས་རྒྱུད་དུལ་བའི་འདུས་པའི་སྡེས། དུང་གླིང་རོལ་མོ་སོགས་མཆོད་པའི་སྤྲིན་ཕུང་རྒྱ་ཆེར་སྤྲོས་ཏེ་མངོན་པར་བསུས་པས་སྙིགས་དུས་བསྟན་པའི་མཛེས་རྒྱན་ཆེན་པོ་མཆོག་མི་འཇིགས་གདོང་ལྔས་བཏེགས་པའི་གསེར་གྱི་ཁྲི་ཁ་རུ་ཐུགས་དགྱེས་པའི་ཉམས་དང་བཅས་གཟི་བྱིན་ཐིབས་སེ་བཞུགས་པས་ནམ་མཁར་འཇའ་འོད་ཀྱི་ཐག་པས་བྲེས།  གསོལ་ཆུ་འོ་མའི་མདོག་ལྟར་ཞག་ཤས་འབབ་པ་སོགས་ངོ་མཚར་གྲུབ་པའི་རྟགས་མཚན་སྐྱེ་བོ་ཡོངས་ཀྱི་མཐུན་སྣང་དུ་གྲུབ་པས་དེར་ཡོད་ཀུན་དད་གསུམ་པདྨོ་ནང་དུ་གྲོལ་ཏེ་སྙན་པའི་གྲགས་པ་དཀར་པོ་སྲིད་མཐའི་བར་དུ་བཞག