བྱང་ཆུབ་གླིང་།-དབེན་གནས་བཀྲ་ཤིས་ཁྲི་གླིང་།-བསྙུང་གནས་གསལ་བརྡ།

དཔལ་རྡོ་རྗེ་སེམས་དཔའ་ལ་ན་མོ།


  ཨཱོཾ་བཛྲ་ས་ཏྭ་ས་མ་ཡཱ༔ མ་ནུ་པཱ་ལ་ཡ༔ བཛྲ་ས་ཏྭ་ཏྭེ་ནོ་པ༔ ཏིཥྛ་དྲྀ་ཌྷོ་མེ་བྷ་ཝ༔ སུ་ཏོཥྱོ་མེ་བྷ་ཝ༔ སུ་པོཥྱོ་མེ་བྷ་ཝ༔ ཨ་ནུ་རཀྟོ་མེ་བྷ་ཝ༔ སརྦ་སིདྡྷིཾམྨེ་པྲ་ཡཙྪ༔ སརྦ་ཀརྨ་སུ་ཙ་མེ༔ ཙིཏྟཾཤྲེ་ཡཾ༔ ཀུ་རུ་ཧཱུྃ༔ ཧ་ཧ་ཧ་ཧ་ཧོ༔ བྷ་ག་ཝཱན༔ སརྦ་ཏ་ཐཱ་ག་ཏ༔ བཛྲ་མཱ་མེ་མུཉྩ༔ བཛྲཱི་བྷ་ཝ༔ མ་ཧཱ་ས་མ་ཡ་ས་ཏྭ་ཨཱཿ 

  ༈ མེ་བྱ་ལོའི་ཡིག་བརྒྱ་དགེ་སྐུལ།

       ད་ལོའི་ལོ་ལ་ཡིག་བརྒྱ་དགེ་སྐུལ་བྱེད་དགོས་པའི་རྒྱུ་མཚན་ནི། སྤྱིར་བཏང་ལོ་ཐམས་ཅད་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་འཕྲིན་ལས་འཇུག་པའི་དུས་ཚོད་ཡིན་པ་དང་། ཡང་སྒོས་ཁྱད་པར་ཅན་ད་ལོ་ལ་བསམ་བློ་བཏང་ན་ནི་མེ་མོ་བྱ་ཡི་ལོ་རེད། བྱ་ཡི་ལོ་ཐམས་ཅད་ནི་རང་རེ་རྣམས་ལ་བཀའ་དྲིན་མཚུངས་ཟླ་དང་བྲལ་བ་སྐྱབས་གཅིག་འཁོར་ལོའི་མགོན་པོ་ཆོས་རྗེ་ཡིད་བཞིན་ནོར་བུ་གང་ཉིད་མཚན་དཔེའི་སྐུ་ཡི་མེ་ཏོག་མི་མཇེད་འཇིག་རྟེན་གྱི་ཁམས་སུ་འཁྲུངས་པའི་དུས་ཚོད་བཟང་པོ་དཔེ་མེད་རེད། གཉིས་སུ་མཐའ་ཡས་པའི་སེམས་ཅན་འདི་དག་ཐམས་ཅད་གནས་སྐབས་ལུས་དང་སེམས་ཀྱི་སྡུག་བསྔལ་ཞི་ཕྱིར་དང་། ཁྱད་པར་དུ་སྙིགས་མའི་དུས་ཀྱི་ནད་མུག་འཁྲུག་རྩོད་སོགས་སྡུག་བསྔལ་མཐའ་དག་ཡོངས་སུ་ཞི་ནས། མཐར་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་གང་ཡིན་པ་དེ་རུ་སྐྱེས་ནས་མགོན་པོ་འོད་དཔག་མེད་དང་གཉིས་སུ་མེད་པའི་སྐྱབས་རྗེ་ཡིད་བཞིན་ནོར་བུའི་ཟབ་རྒྱས་ཀྱི་གདམས་པའི་འོག་ནས་རྣམ་གྲོལ་གཏན་གྱི་བདེ་བ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་ལ་དམིགས་ནས་ད་ལོ་ལོ་གཅིག་ལ་ངེད་ཅག་གིས་ཡིག་བརྒྱ་དགེ་སྐུལ་བྱས་དང་བྱེད་བཞིན་པ་རེད། 

  ༈ ཡིག་བརྒྱ་དུང་ཕྱུར་སྟོང་གི་དགེ་སྐུལ།

  དེ་ཡང་བསྐལ་པ་བྱ་ཡི་ལོ་འདི་ཚེས་ནས་བཟུང་ང་རང་གིས་མི་སྒེར་ལ་ཐུག་ན་འདྲ། སྤྱི་ལ་ཐུག་ན་འདྲ། མ་ཟད་དྲ་བ་ལ་སོགས་པ་བརྒྱུད་ནས་ཐབས་ཤེས་ཅི་དྲག་གང་དྲག་བྱས་ཏེ་ཡིག་བརྒྱ་དང་དྲི་མེད་བཤགས་རྒྱུད་གཉིས་དགེ་སྐུལ་བྱས་རེད། ཉིན་འགའི་སྔོན་དུ་དྲི་མེད་བཤགས་རྒྱུད་འགྲུབ་གྲངས་དེ་བསྡོམས་དུས་ཕལ་ཆེར་དུང་གཉིས་ལ་ཉེ་བ་ཙམ་ཞིག་གྲུབ་འགི དེ་ནས་ཡིག་བརྒྱ་ལ་བསམ་བློ་བཏང་ན་ད་སྐབས་ཕལ་ཆེར་དུང་ཕྱུར་བརྒྱད་བརྒྱ་ལྷག་ཅིག་གྲུབ་ཚར་བ་རེད།  ང་རང་གིས་བསམ་པ་ལ་ད་ལོ་ལོ་མཇུག་ཚུར་བཟུང་དུང་ཕྱུར་སྟོང་ཞིག་འགྲུབ་ཨི་འགྲོ་བསམ་རྒྱུའི་བསམ་པ་ཡོད། དེས་ན་ཁྱེད་ཆ་ཁས་དེའི་ནང་ལ་རྒྱ་མཚོའི་ནང་གི་ཆུ་ཐིགས་ཟེར་བ་ལྟར་རང་གིས་འབུམ་ཐེར་གཅིག་དང་བཞི་ལ་སོགས་པ་གང་རུང་ཞིག་ཁས་ལེན་ཐུབ་སོང་ན། དུང་ཕྱུར་སྟོང་གི་དགེ་རྩ་དེ་ཁྱེད་ཅག་རེ་རེ་བཞིན་དུ་ཐོབ་འགྲོ་བ་རེད།

  ༈ ཚེ་རབས་ཀུན་གྱི་སྡིག་སྒྲིབ་ལྷག་མེད་དུ་འདག་ཐབས།

  ཁྱེད་ཅག་གིས་ཡིག་བརྒྱ་འབུམ་ཐེར་བཞི་རེ་ཁས་ལེན་བྱོས་དང་། ཐམས་གོང་དུ་བཤད་པ་བཞིན་དུ་ཚེ་རབས་ཐོག་མེད་ནས་བསགས་པའི་སྡིག་ལྟུང་མ་ལུས་པ་དག་འགྲོ་ངེས་པ་དེ་རྒྱལ་བ་རྡོ་རྗེ་འཆང་གིས་ཞལ་གྱིས་བཞེས་ནས་དབུགས་དབྱུང་གནང་ཡོད་པ་རེད། དེ་ལ་བསླུ་བ་ཡོད་མི་སྲིད། དེས་ན་ཐམས་ཅད་ཀྱིས་ད་ཕོ་ཡང་སྡོམ་བྱས་ཏེ་འབུམ་ཐེར་བཞི་རེ་འདོན་ཨི་ལྟོས་དང་འགྲུཁས་ལེན་ཅི་ཚད་བྱེད་དགོས་ཟེར་ན་མི་རེ་རེས་མ་མཐའང་ཡིག་བརྒྱ་འབུམ་རེ་ཁས་ལེན་བྱེད་དགོས། དེ་སྔོན་ཁས་ལེན་འབུམ་གཅིག་གཉིས་ཅི་བྱས་ཡོད་ན་དེ་ཅིག་བཤད་མི་འདུག དེའི་ཁ་ལ་འབུམ་རེ་ཁས་ལེན་བྱས་བཞག་ན། དེ་བཞིན་གཤེགས་པའི་རྒྱུད་ཀྱི་ནང་དུ་ཡིག་བརྒྱ་འབུམ་བཏོན་ན་ཚེ་རབས་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་ལྟུང་ཆུང་ངུ་རྣམས་དང་ལོས་དག་སྟེ། སྡིག་པ་དེ་ལས་ཆེ་མེད་པ་མདོ་ཡི་སྐབས་སུ་གསུངས་པའི་མཚམས་མེད་ལྔ་དང་སྔགས་ཀྱི་སྐབས་སུ་གསུངས་པའི་རྩ་བའི་དམ་ཚིག་ཉམས་པའི་སྡིག་ལྟུང་ཡིན་ཡང་ལྷག་མེད་དུ་འདག་འགྲོ་རྒྱུ་ཡོད་ཚུལ་རྒྱུད་སྡེའི་དགོངས་པ་དྲི་མ་མེད་པ་རེད།

  ད་རུང་ཡང་ཚད་ལྡན་ངོ་མ་ཞིག་བྱས་ན། རྫོགས་ལྡན་དུས་སུ་གང་གསུངས་པ། །རྩོད་ལྡན་དུས་སུ་བཞི་འགྱུར་བཟླ། །ཞེས་གསུངས་པ་བཞིན་དུ་ལག་ལེན་ཚད་ལྡན་ཞིག་བཏབ་ན། སྔར་རྫོགས་ལྡན་གྱི་དུས་སུ་སྡིག་ལྟུང་མ་ལུས་པ་ཡིག་བརྒྱ་འབུམ་གཅིག་བཟླས་པས་དག་འགྲོ་གསུངས་ཡོད་ན། ད་ལྟ་སྙིགས་མ་ལྔ་ཆེས་ཆེར་བདོ། ཉོན་མོངས་པ་ཤིན་ཏུ་རགས། ཚེ་ཐུང་། ནད་མང་བའི་དུས་འདི་དང་འདི་ལྟ་བུ་ལ་ནི་དེ་ལས་བཞི་འགྱུར་བཟླ་དགོས་རྒྱུར་སོང་ཡོད་པ་རེད། དེའི་ཕྱིར་ན་རབ་ན་ཐམས་ཅད་པོས་ཡིག་བརྒྱ་འབུམ་ཐེར་བཞི་རེ་འདོན་ཐུབ་དགོས་པ་རེད། དེ་ཐུབ་ན་གོང་ན་མེད་པ་རེད། བརྒྱ་ལ་དེ་མ་ཐུབ་ཀྱང་ཡོངས་རྫོགས་པོས་འབུམ་ཐེར་རེ་ཁས་ལེན་བྱོས་དང་དེ་ལ་མི་ཐུབ་རྒྱུ་ཅི་ཡང་མི་འདུགབ་འགྲོ་ངེས་པ་རེད། དེ་སྔོན་ཡན་ཆོད་ཆོས་སྒྲ་རྣ་བས་ཐོས་མ་མྱོང་མཁན། ད་གསར་དུ་ཆོས་དང་འཕྲད་མིའི་ནང་ནའང་འབུམ་ཐེར་བཞི་ཁས་ལེན་བྱེད་འགྲོ་མཁན་ཡང་ཡོད་ན། རང་རེ་རྣམས་སྐྱེས་མ་ཐག་ཏུ་ཆོས་དང་འཕྲད། མཚན་ལྡན་གྱི་བླ་མ་དགེ་བའི་བཤེས་གཉེན་རྣམ་པས་དགེ་བའི་ཕན་ཡོན་སྡིག་པའི་ཉེས་དམིགས་གསུངས། རང་གིས་ཀྱང་དེ་ལ་ཉན་ཁུལ་དང་དད་ཁུལ་བྱས་ནས་ད་བར་སོང་བ་རེད། དེས་ན། ཡིག་བརྒྱ་འབུམ་ཐེར་ཁ་ཤས་ཤིག་འདོན་རྒྱུ་དེ་དུས་ཚོད་ཐུང་ཐུང་ནང་གི་ལས་ཀ་ཉུང་ཉུང་ཞིག་རེད། ཡིན་ནའང་། འདི་ལ་བརྟེན་ནས་ཚེ་རབས་ཐོག་མེད་ནས་ད་ལ་མ་ཐུག་གི་བར་དུ་ངེད་ཅག་གིས་འགྲུབ་མྱོང་བའི་དོན་དག་ཤིན་ཏུ་རླབས་ཆེན་འགྲུབ་འགྲོ་བ་རེད། ཡིན་ནའང་དེ་ཡང་ད་ལོ་བསྐལ་པ་བྱ་ཡི་འདི་མཇུག་གྲུབ་མ་གོང་དགེ་རྩ་འདིའི་ནང་དུ་ཞུགས་མ་དོ་ན་ནི། ངའི་ལུས་རྟེན་འདི་ལ་བསམ་བློ་བཏང་ན། ཡིག་བརྒྱ་དུང་སྟོང་དགེ་སྐུལ་ཐོག་མ་འང་ད་ཐེངས་རེད་དེ་ཐ་མ་འང་ད་ཐེངས་ཡིན་རྒྱུ་རེད། ང་མིན་ནའང་མ་འོངས་པར་གཅིག་རྩི་གཉིས་སྒྲོང་དང་ཚ་འགྲོ་གནད་སྨིན་གྱི་སྒོ་ནས་ཡིག་བརྒྱ་དུང་ཕྱུར་སྟོང་ཕྲག་གཅིག་གི་དགེ་སྐུལ་སྒྲུབ་མཁན་ཞིག་དང་འགྲུབ་མཁན་ཞིག་ལ་ཁྱེད་ཅག་འཕྲད་ཟེར་རྒྱུ་དེའང་ངོ་མ་ཤིན་ཏུ་དཀའ་མོ་ཡིན་རྒྱུ་རེད་བསམས་འདུག དེས་ན་འདི་ནི་བསྐལ་པ་བརྒྱ་ཡི་ནང་གི་དུས་ཚོད་གཅིག་ཟེར་རྒྱུ་དེ་རེད། དེས་ན་ཐམས་ཅད་འདིའི་ནང་ལ་ཞུགས་རྒྱུ་མ་ཡོ་མ་འཆུག་ཞུ་རྒྱུ་ཡིན།

   ༈ སྡིག་པ་བཤག་དགོས་པའི་རྒྱུ་མཚན།

  རང་གཞན་སེམས་ཅན་ཐམས་ཅད་ཀྱིས་ཚེ་རབས་འཁོར་བ་ཐོག་མ་མེད་པ་ནས་ད་ལ་མ་ཐུག་གི་བར་དུ་བསགས་པའི་སྡིག་པ་ཆེ་ཆེ་ཆུང་ཆུང་ཐམས་ཅད་ཕྱོགས་གཅིག་ཏུ་བསྡུས་ན་རི་རབ་ལས་དཔངས་མཐོ། རྒྱ་མཚོ་ལས་གཏིང་ཟབ། དེ་དག་གིས་རང་རེ་རྣམས་ཀྱི་ཚེ་འདི་ཡི་བདེ་སྐྱིད་བརླག ཕྱི་མ་ངན་སོང་དུ་ལྟུང་བར་བྱེད་པ་ཡིན་པས། ད་ལྟ་ཐོབ་དཀའ་བ་དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་ཐོབ། མཇལ་དཀའ་བ་བླ་མ་དགེ་བའི་བཤེས་གཉེན་དང་ཡང་མཇལ། འཕྲད་དཀའ་

  བ་དམ་པའི་ཆོས་དང་འཕྲད་པའི་སྐབས་འདིར་མ་བཤགས་ན། ལས་རྒྱུ་འབྲས་བསླུ་བ་མེད་པ་ཡིན་པའི་སྟབས་ཀྱིས་ལུས་ངག་ཡིད་གསུམ་གྱིས་མི་དགེ་བ་གང་བྱས་པ་དག་གི་རྣམ་སྨིན་བཟོད་བླགས་མེད་པ་རང་ལ་སྨིན་པར་འགྱུར་བ་སྨོས་མ་དགོས་པ་རེད། དེའི་སྐབས་སུ་རང་གིས་མྱོང་བའི་སྟོབས་ཀྱིས་ལས་ཀྱི་སྒྲིབ་པ་དེ་དག་འཛད་དགོས་པ་ཡིན་པས་ངོ་མ་བརྗོད་མི་ཤེས་པའི་ན་ཚ་གཟེར་ཟུག་ཡ་ང་བ་མི་ལོ་དུང་ཕྱུར་མང་པོའི་རིང་ལ་མྱོང་དགོས་ཚུལ་རྒྱལ་བའི་བཀའ་དང་རྗེས་འཇུག་མཁས་པའི་བསྟན་བཅོས་ལས་ཇི་ལྟར་བསྟན་པ་དེ་བཞིན་རེད།

   ༈ སྡིག་པ་བཤགས་ཐབས་གཉེན་པོ་སྟོབས་བཞི།

  རྟེན་གྱི་སྟོབས་ནི་རིགས་བརྒྱ་རིགས་གཅིག་ཏུ་འདུས་པའི་ངོ་བོ་དཔལ་རྡོ་རྗེ་སེམས་དཔའ་ཉིད་སྐྱབས་ཡུལ་ཏུ་བཟུང་ནས་དད་པ་རྩེ་གཅིག་ཏུ་བཞག་ནས་སྙིང་རྗེ་སྒོམ་པ་ལྟ་བུ་དེ་ཡིན། ཉེས་བྱས་སུན་འབྱིན་པའི་སྟོབས་ནི། བཤགས་ཡུལ་གྱི་དྲུང་དུ་རང་གིས་དྲན་དང་མི་དྲན་ཁྱད་མེད་པར་སྔར་བྱས་སྡིག་པའི་ལས་ཐམས་ཅད་ལ་འགྱོད་སེམས་དྲག་པོས་མི་འཆབ་མི་སྦེད་པ་མཐོལ་བཤགས་བྱེད་པ་དེ་ཡིན། སྡོམ་པའི་སྟོབས་ནི་རང་གིས་སྔོན་ཆད་མི་ཤེས་པ་དང་བག་མེད་པའི་དབང་གིས་སྡིག་པའི་ལས་བྱས་པ་དག་བློ་ཡུལ་དུ་བླངས་ནས། ད་ཕྱིན་ཆད་སྲོག་དམར་པོ་འདི་ལ་བབ་ཀྱང་། སྡིག་ལས་དེ་ལྟ་བུ་མི་བགྱིད་དོ་སྙམ་དུ་དམ་བཅའ་བ་དེ་ཡིན། གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་ནི་སྔར་བྱས་ཀྱི་སྡིག་པ་འདག་པའི་གཉེན་པོ་ལ་སྦྱོར་བ་སེམས་བསྐྱེད་དང་། དངོས་གཞི་དམིགས་མེད། མཇུག་བསྔོ་བ་སྟེ་དམ་པ་གསུམ་ལྟ་བུས་རྩིས་ཟིན་པའི་སྒོ་ནས་ཡིག་བརྒྱ་བཟླ་བ་སོགས་དགེ་བའི་ལས་གང་དག་ཅི་ནུས་སུ་བསྒྲུབ་པ་དེ་དག་ཡིན། ཁྱེད་ཅག་གིས་ངེས་པར་དུ་རང་གི་བླ་མ་དང་མཁན་པོ་ལྟ་བུ་མདོར་ན་རང་གི་ཉེ་འཁོར་ན་ཤེས་མི་སུ་ཡོད་ན་དེའི་ཟུར་ནས་གཉེན་པོ་སྟོབས་བཞི་ཡང་དག་པ་ཞིག་ཨི་ཤེས་ལྟོས། སྟོབས་བཞི་ལ་མ་བརྟེན་ན་སྡིག་པ་ཡང་དག་པ་ཞིག་བཤགས་ཐབས་མེད་ནའང་། སྟོབས་བཞི་ལ་བརྟེན་ན་ནི། སྡོམ་གསུམ་རྣམ་ངེས་ལས་ཀྱང་།

  མདོར་ན་སྟོབས་བཞིར་མ་འདུས་བཤགས་པ་མེད། ། ཅེས་གསུངས་པ་ལྟར་ཤིན་ཏུ་གལ་ཆེ། དེ་དག་ཤེས་པའི་འོག་ཏུ་རང་གིས་དུས་ཚོད་ཅི་ཁོམ་དང་ནུས་པ་ཅི་ཡོད་ཀྱི་སྒོ་ནས་ཉམས་སུ་ལེན་རྒྱུ་མ་ཡོ་མ་འཆུགས།

   ༈ ཡིག་བརྒྱའི་ཕན་ཡོན་བསྡུས་པ།

  དེ་ཡང་ཡི་གེ་བརྒྱ་པའི་ཕན་ཡོན་ནི། སྙིང་པོ་རྒྱན་ལས། པད་དཀར་ཟླ་བའི་གདན་གནས་པའི། །རྡོ་རྗེ་སེམས་དཔའ་ལེགས་དམིགས་ཏེ། །ཡི་གེ་བརྒྱ་པ་ཆོ་ག་བཞིན། །ཉི་ཤུ་རྩ་རེ་བཟླས་གྱུར་ན། །ལྟུང་སོགས་བྱིན་གྱིས་བརླབས་འགྱུར་ཕྱིར། །འཕེལ་བ་རུ་ནི་མི་འགྱུར་ཞེས། །གྲུབ་པ་མཆོག་རྣམས་ཀྱིས་བཤད་པས། །

  རྟག་པར་དུ་ནི་ཉམས་སུ་བླང༌། །འབུམ་ཕྲག་གཅིག་ཏུ་བཟླས་གྱུར་ན། །རྣམ་པར་དག་པའི་བདག་ཉིད་འགྱུར། །

  ཞེས་དང་། དྲི་མེད་བཤགས་རྒྱུད་ལས། དུས་གསུམ་བདེ་གཤེགས་ཐམས་ཅད་ཀྱིཿ ཡང་སྙིང་ཡི་གེ་བརྒྱ་པ་འདིཿ བདུན་ནམ་ཉི་ཤུ་རྩ་གཅིག་གམཿ བརྒྱ་དང་རྩ་བརྒྱད་བརྗོད་གྱུར་ནཿ མཚམས་མེད་ལྔ་ཡི་སྡིག་པ་བྱངཿཉམས་ཆག་མ་ལུས་ཀུན་བྱང་ནསཿ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིཿ སྲས་ཀྱི་དམ་པར་དགོངས་པར་གྱུརཿཞེས་ཡི་གེ་བརྒྱ་པ་འབུམ་ཕྲག་གཅིག་བཟླས་ན་རྩ་བའི་དམ་ཚིག་ཉམས་པའང་ལྷག་མེད་དུ་འདག་པ་དང་། ཉིན་རེར་ཡིག་བརྒྱ་ཚར་༡༠༨རེ་བཟླས་ན་ཉིན་དེའི་སྡིག་ལྟུང་ལྷག་མེད་དུ་འདག་པ་དང་། ཉིན་རེར་ཚར་༢༡རེ་བཟླས་ན་དེས་སྡིག་ལྟུང་གོང་དུ་འཕེལ་བར་མི་འགྱུར་བ་སོགས་ཡིག་བརྒྱའི་ཕན་ཡོན་བསམ་གྱིས་མི་ཁྱབ་པ་གསུངས་པས་ངོ་མ་སྡིག་སྒྲིབ་འདག་པ་ལ་འདི་ལས་ལྷག་པ་མེད་རྒྱུ་ཅན་དེ་རེད་བསྡད་ཡོད་པ་རེད།

   ༈ རྡོ་རྗེ་སེམས་དཔའི་སྨོན་ལམ་ཁྱད་པར་ཅན།

  སྡིག་པ་རྣམས་གཙོ་བོ་དཔལ་ལྡན་རྡོ་རྗེ་སེམས་དཔའ་ལ་བརྟེན་ནས་ཤོགས་ཟེར་དགོས་པའི་རྒྱུ་མཚན་ནི། སྤྱིར་བཏང་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཇི་སྙེད་གཟིགས་པ་དང་ཇི་ལྟ་མཁྱེན་པའི་ངོ་བོ་ལ་ཁྱད་པར་མེད་ཀྱང་། ཐུགས་བསྐྱེད་སྨོན་ལམ་གྱི་སྣང་ཚུལ་ལ་ཁྱད་པར་ཡོད་པ་ཡིན་ཏེ། སྔར་དཔལ་རྡོ་རྗེ་སེམས་དཔས་སློབ་པ་ལམ་གྱི་གནས་སྐབས་སུ་མ་འོངས་པར་གང་ཟག་སུ་ཞིག་གིས་ཁོང་གི་མཚན་འཛིན་ཅིང་ས་ཏྭ་དང་ཡིག་བརྒྱ་ལ་སོགས་པས་གསོལ་བ་སྙིང་ནས་བཏབ་ཚེ་དམ་ཚིག་ཉམས་ཆག་གི་སྡིག་པ་ཡིན་ཡང་ལྷག་མེད་དུ་བྱང་མ་ཐུབ་ན་ཁོང་སངས་མི་རྒྱས་པར་ཤོག་གསུངས་ནས་སྨོན་ལམ་བཏབ་མྱོང་བ་རེད། དམ་ཚིག་ཉམས་ཆག་ཟེར་ན་དེའི་ཡན་ལ་བསགས་རྒྱུ་མེད་པའི་སྡིག་པ་དེ་ལ་ཟེར་བ་རེད། མདོ་ཕར་ཕྱིན་ཐེག་པའི་ལུགས་ལ་མཚམས་མེད་ལྔ་ལྟ་བུའི་ཉེས་པ་ཚབས་ཆེན་ཞིག་མེད་ནའང་། དམ་ཚིག་ཉམས་ཆག་གི་ཉེས་པ་ནི་དེ་ལས་ཀྱང་བརྒྱ་འགྱུར་སྟོང་འགྱུར་གྱིས་ཆེ་བའི་བདག་ཉིད་ཅན་དེ་འདྲ་རེད་དེ། དེ་ལྟ་བུའི་སྡིག་སྒྲིབ་ཉེས་ལྟུང་ཀུན་ཀྱང་དཔལ་ལྡན་རྡོ་རྗེ་སེམས་དཔའ་ལ་གསོལ་བ་དྲག་ཏུ་བཏབ་ན་བྱང་ཞིང་འདག་པར་འགྱུར་ཏེ། རྒྱུ་མཚན་ཡང་ཁོང་གིས་སྔར་སློབ་པ་ལམ་གྱི་གནས་སྐབས་སུ་བཏབ་པའི་སྨོན་ལམ་བླ་ན་མེད་པ་དེ་ད་སྐབས་མངོན་དུ་གྱུར་ནས་ཤར་ཕྱོགས་མངོན་པར་དགའ་བའི་ཞིང་ཁམས་སུ་རྫོགས་པའི་སངས་རྒྱས་ཐོབ་ནས་བཞུགས་ཡོད་པ་རེད།

  ཅེས་པའང་ྋབླ་མ་རིན་པོ་ཆེ་ཤེས་རབ་བཟང་པོ་མཆོག་གི་གསུང་ལས་བཏུས་ཏེ་དབེན་གནས་བཀྲ་ཤིས་ཁྲི་གླིང་གི་བོད་ཡིག་ཚན་ཆུང་ནས་རབ་རྒྱན་མེ་བྱ་ལོའི་ལྷ་བབ་ཟླ་བའི་ཡར་ཚེས་གསུམ་སྤེལ། །