མཁན་ཆེན་དམ་པ་ཤེས་རབ་བཟང་པོའི་རྣམ་ཐར་བསྡུས་པ།


 

  དེ་ལ་འཕགས་པ་འཇིག་རྟེན་དབང་ཕྱུག་གི་གདུལ་ཞིང་གངས་ཅན་བོད་ཀྱི་ཆ་ཤས། ཁམས་སྡེ་དགེ་ཡིད་ལྷུང་སྨད་ཀྱི་ས་ཆ། ནུ་བོ་རོང་ཚ་དམར་ལེབ་ཀྱི་གདན་ས་རོང་ཚ་སྡེ་བ་རུ། སྤྱི་ལོ་༡༩༦༣རབ་རྒྱན་ཆུ་ཡོས་ལོའི་ཟླ་༡༡ཚེས་༡༠ཉིན་ལྟས་བཟང་དང་བཅས་ཡབ་དོན་འགྲུབ་ནོར་བུ་དང་། ཡུམ་གུ་རུ་སྒྲོལ་མ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། མཁན་ཆེན་ཚེ་དབང་འགྱུར་མེད་ཀྱིས་ཤེས་རབ་བཟང་པོ་ཞེས་པའི་མཚན་གྱི་ཅོད་པཎ་གསོལ་བ་དང་ཆབས་ཅིག་བསྟན་འགྲོར་སྨན་པའི་སྐྱེས་བུ་ཞིག་ཏུ་ཡང་ཡང་བསྔགས་སོ། །

  དེ་ཡང་མངོན་རྟོགས་རྒྱན་ལས་གསུངས་པ་ལྟར། དད་སོགས་ཡུལ་ལྔ་པོ་དག་ལ་ཚེ་རབས་མང་པོར་གོམས་པའི་སྟོབས་ཀྱིས་དམ་པ་འདི་ཉིད་སྐུ་ན་ཧ་ཅང་གཞོན་པའི་དུས་ནས་ཀྱང་སྐྱེས་བུ་དམ་པའི་རིགས་སད་པའི་རྟགས་སུ་ཡར་གོང་མ་ལ་དད་པ། འོག་མ་ལ་སྙིང་རྗེ། བླང་དོར་གྱི་གནས་རྣམས་མཁྱེན་པའི་བློ་གྲོས་མངའ་བ་སོགས་ལྷན་སྐྱེས་ཀྱི་ཡོན་ཏན་མང་དུ་ལྡན། འོན་ཀྱང་སྐུ་ན་ཆུང་བའི་སྐབས་སུ་དུས་དབང་གིས་སློབ་གཉེར་སོགས་ཀྱི་གོ་སྐབས་ཕྲ་བས་ན་མཉམ་བྱིས་པ་ཚོ་དང་མཉམ་དུ་བགྲང་བྱ་བཅུ་ཕྲག་གི་རིང་ལ་རྩེད་རའི་དགོད་སྒྲར་རོལ། ཡང་མདོ་ལས། སྨད་པ་བྱ་བའི་ཁྱིམ་ལ་བརྟེན་པ་དེས། །བླ་མེད་བྱང་ཆུབ་དམ་པ་གཞར་མི་ཐོབ། །ཁྱིམ་གྱིས་སྐྲག་སྟེ་ཁྱིམ་ནས་མངོན་འབྱུང་བ། །དེ་དག་བྱང་ཆུབ་མཆོག་འདི་རྙེད་མི་དཀའ། །ཞེས་གསུངས་པ་བཞིན། དགུང་ལོ་བཅུ་བཞིའི་སྟེང་ནས་ཁྱིམ་དང་འཁོར་བ་ལ་སྐྱོ་བ་དང་། རབ་བྱུང་དང་ཐར་བ་ལ་སྤྲོ་བའི་སེམས་ཀྱིས་སྟོན་པ་ཐུགས་རྗེ་ཅན་གྱི་རྗེས་སུ་སློབ་པའི་ཕྱིར་དུ་དགོན་ཉིན་སྤྲུལ་སྐལ་བཟང་སྟོབས་རྒྱལ་གྱི་དྲུང་དུ་ཕེབས། དགོན་ཉིན་སྤྲུལ་སྐུས་ཀྱང་ཡུམ་ནོར་གཡང་ལ། མདང་ངའི་རྨི་ལམ་སོགས་ལ་བརྟགས་ན་དེ་རིང་སྐྱེས་བུ་དམ་པ་གལ་ཆེན་ཞིག་ཕེབས་ངེས་ཡིན་པས་བསུ་བའི་གྲ་སྒྲིག་རེ་གྱིས་གསུངས། དེ་ནས་ཡུན་མ་འགོར་བ་ཁོང་ཉིད་སྤྲུལ་སྐུའི་དྲུང་དུ་འབྱོར་བ་ན་ཐུགས་དགྱེས་ཚོར་དང་བཅས་ད་ཁྱོད་རང་འདི་ནས་ཀློག་སོགས་སློབས་ལ་སྡོད་དང་འཚོ་བའི་མཐུན་རྐྱེན་སོགས་ལ་སེམས་ཁུར་མི་དགོས། ཁྱོད་རང་ནི་བདག་གི་བུ་ཞིག་དང་འདྲ་བར་བལྟ་སྐྱོང་ལེགས་པོར་བྱེད་ཆོག་ཅེས་སོགས་གསུངས། དགོན་ཉིན་སྤྲུལ་སྐུའི་དྲུང་དུ་ཡི་གེ་འབྲི་ཀློག་སོགས་བསླབས་པས་ཚེགས་མེད་དུ་མཁྱེན། དེ་ནས་རྩྭ་ཤུལ་དགོན་དུ་ལོ་འགར་བཞུགས་ཏེ། དགོན་ཉིན་སྤྲུལ་རིན་པོ་ཆེ་སྐལ་བཟང་སྟོབས་རྒྱལ། འཇའ་ལུས་པ་བླ་མ་རྡོ་རྗེ་ཆོས་སྐྱོང་། མཁན་པོ་ཚུལ་ཁྲིམས་རྒྱལ་མཚན་སོགས་ཀྱི་དྲུང་ནས་ཀློག་དང་། ཆོ་ག་ཕྱག་ལེན་དག་བསླབས་ཤིང་། དབང་ལུང་གི་ཆོས་སྐོར་མི་ཉུང་བ་གསན། དགུང་ལོ་བཅུ་བདུན་གྱི་སྟེང་ནས་རྫ་ཁོག་ཏུ་ཕེབས་ཏེ་མཁན་པོ་ཀུན་བཟང་གི་མདུན་ནས་དཔལ་སྤྲུལ་སྔོན་འགྲོ་དང་། བྱང་སེམས་སྤྱོད་འཇུག་སོགས་གསན་བཞེས་མཛད་ཅིང་། ཟུར་དུ་བྲིས་དང་དག་ཡིག་སོགས་ལའང་བསླབས།

  སླར་རང་ཡུལ་དུ་ཕེབས་ཏེ་འཇའ་ལུས་པའི་གདུང་སྲས་གྲུབ་པའི་རྣལ་འབྱོར་ཆེན་པོ་མཁན་པོ་ཚེ་དབང་འགྱུར་མེད་ཀྱི་དྲུང་དུ་སྔོན་འགྲོ་བློ་ལྡོག་རྣམ་པ་བཞི་ནས་རིམ་གྱིས་འབུམ་ལྔ་བསགས་སྦྱོང་། དངོས་གཞིའི་ཁྲིད་ཆོས་དབྱིངས་རིན་པོ་ཆེ་མཛོད་དང་། དམིགས་བསལ་གསང་རྒྱའི་ཚུལ་དུ་བར་དོ་དྲུག་གི་ཁྲིད་སྦྱོང་ལ་ཉམས་ལེན་རྒྱ་ཆེར་མཛད། དགུང་ལོ་བཅུ་དགུའི་སྟེང་ནས་སྔོན་བྱོན་མཁས་གྲུབ་དུ་མའི་གདན་ས་རྫོགས་ཆེན་ཤྲཱི་སེང་ཆོས་གྲྭར་ཕེབས། དེར་གུར་ཆུང་གཏོར་འཛིག་ཐབས་ཆག་ཅིག་གིས་གནས་ཁང་མཛད། གཞན་ལ་ཆུ་ལེན་སོགས་གཡོག་ལ་བརྟེན་པས་གསོལ་ཆས་བསྒྲུབས་ཏེ་དཀའ་སྤྱད་སྙིང་རུས་ཚད་མེད་གནང་།

  མཁན་ཆེན་པདྨ་ཚེ་དབང་ལས་ཀུན་མཁྱེན་མི་ཕམ་རྒྱ་མཚོའི་མཁས་འཇུག་དང་། བོད་སྤྲུལ་ཕར་ཕྱིན་མ་ཕམ་ཞལ་ལུང་སོགས་དང་། སྨུག་སངས་སྤྲུལ་པདྨ་ཀུན་གྲོལ་ལས་མི་ཕམ་བཀའ་འབུམ་ཕལ་ཆེ་བའི་ལུང་། མི་ཉག་མཁན་པོ་ཚེ་རིང་ཉི་མ་ལས་དགོངས་འདུས་རྣམ་བཤད། སྒོམ་ཕྱོགས་དྲིས་ལན་སོགས་དང་། གཟན་དཀར་མཆོག་སྤྲུལ་ཐུབ་བསྟན་ཉི་མ་ལས་གཅོད་ཡིག་འཛིན་པ་རང་གྲོལ་སོགས་དང་། ར་སྐོར་ཐུབ་ནོར་རིན་པོ་ཆེ་ལས་ཡིད་བཞིན་མཛོད་འགྲེལ་སོགས་ཀྱི་ཁྲིད་ལུང་དག་གསན་བཞེས་མཛད་པས་སྔར་ལས་ཀྱང་ལྷག་པའི་ཆོས་དང་བླ་མ་ལ་དད་པ། མ་གྱུར་འགྲོ་བ་ལ་སྙིང་རྗེ། འཁོར་བ་ལ་སྐྱོ་ཤས་ཀྱི་ངེས་འབྱུང་དང་། བྱང་ཆུབ་ཀྱི་སེམས་ལ་སོགས་པ་རྣམ་དཀར་གྱི་ཡོན་ཏན་དག་ལ་གོམས་ཆ་བརྟན་པོར་གྱུར། བར་མཚམས་སུ་ཁོང་གི་མཆེད་གྲོགས་མི་ཉུང་བ་ཞིག་རྫོགས་ཆེན་བོད་ཡིག་སློབ་གྲྭར་དངོས་ཞུགས་བྱས། ཁོང་གི་ཐུགས་ལ་སློབ་གྲྭར་ཞུགས་པ་ལས་མན་ངག་གི་ཆོས་སྐོར་རེ་ཞུས་ཏེ་བསམ་ཡས་སོགས་གནས་ཁྱད་འཕགས་རྣམས་སུ་སྒྲུབ་པ་ཉམས་ལེན་ལ་བརྩོན་ན་དགའ་སྙམ་ནས་མ་ཞུགས་པས། མཆེད་གྲོགས་མི་ཉུང་བ་ཞིག་གིས་ཁྱོད་རང་ནི་ཆ་རྐྱེན་ཡང་ཧ་ཅང་ཞན་པས་སློབ་གྲྭ་འདིར་དངོས་སུ་ཞུགས་དང་། མ་འོངས་པར་ཁྱིམ་ཚང་ལའང་ཕན་ཐོགས་མཁན་ཞིག་ཏུ་འགྱུར་རྒྱུ་རེད་ཅེས་བསམ་དཀར་གྱི་བསླབ་བྱ་མང་དུ་གསུངས། དེ་ནས་ཁོང་ཉིད་མཁན་ཆེན་པདྨ་ཚེ་དབང་གི་དྲུང་དུ་བཅར་ཏེ། རང་ཉིད་ཀྱི་ཐུགས་འདུན་དང་ཆོས་གྲོགས་ཚོས་གསུངས་པའི་གནས་ཚུལ་དག་ཞུས་པས། མཁན་པོས་ཁྱོད་རང་ད་སྐབས་གྲྭ་པ་སྤུས་དག་ཅིག་འདུག རབ་ཏུ་བྱུང་ནས་བསྟན་འགྲོ་ལ་ཕན་པ་བསྒྲུབས་ན་དགོས་པ་ལྷག་ཏུ་ཆེ་ཚུལ་སོགས་གསུངས། དེ་ནས་མཁན་ཆེན་པདྨ་ཚེ་དབང་གིས་བསྐུར་བའི་ངོ་སྤྲོད་འཕྲིན་ཡིག་དང་བཅས་ཁོང་གི་བཀའ་བཞིན་དུ། དགུང་ལོ་ཉི་ཤུའི་སྟེང་ནས་རྫ་སྟོད་དགེ་མང་དགོན་དུ་བྱོན་ཏེ། ཐུབ་དགའ་ཡིད་བཞིན་ནོར་བུའི་དངོས་སློབ་འདུལ་འཛིན་ཡོངས་ཀྱི་གཙུག་རྒྱན་མཁན་པོ་དབང་འདུས་ལས། རྒྱལ་སྲས་གཞན་ཕན་མཐའ་ཡས་ཀྱི་གཟིམས་ཆུང་དུ་རབ་བྱུང་དང་བསྙེན་རྫོགས་ཀྱི་སྡོམ་པ་གཉིས་ཀ་ནོད། མཚན་ལ་ཐུབ་བསྟན་འོད་ཟེར་གྲགས་པ་ཞེས་གསོལ། དྲན་ཤེས་བག་ཡོད་ལྡན་པའི་སྒོ་ནས་བསླབ་པ་རིན་པོ་ཆེ་མིག་འབྲས་བཞིན་དུ་བསྲུངས་པས་ངེས་པ་དོན་གྱིས་འདུལ་བ་འཛིན་པའི་གཙུག་རྒྱན་དུ་གྱུར།

  དགུང་ལོ་ཉེར་གཅིག་པར་ཚེ་རབས་ལས་ཀྱིས་འབྲེལ་བའི་བླ་མ་དང་འཕྲད་ཚུལ་ནི། མདོ་སྡུད་པ་ལས། བླ་མ་མཁས་པ་རྣམས་ལ་རྟག་ཏུ་བསྟེན་པར་བྱ། །ཅིའི་ཕྱིར་ཞེ་ན་མཁས་པའི་ཡོན་ཏན་དེ་ལས་འབྱུང་། །སངས་རྒྱས་ཆོས་རྣམས་མ་ལུས་དགེ་བའི་བཤེས་ལ་བསྟེན་ཏོ་ཞེས། །ཡོན་ཏན་ཀུན་གྱི་མཆོག་མངའ་རྒྱལ་བས་དེ་སྐད་གསུངས། །ཞེས་གསུངས་པ་ལྟར་ཐུགས་ལ་བཅགས་ནས། དུས་སྐབས་འདི་ཙམ་ནས་ཚེ་རབས་ལས་ཀྱིས་འབྲེལ་བའི་བླ་མ་༧ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུ་མཆོག་གི་མཚན་གྱི་སྙན་པ་རྒྱང་རིང་ནས་ཐོས་པས། གཅེས་པའི་མ་དང་བྲལ་བའི་བུ་ལྟར་ཟློག་མེད་དད་གུས་བརྟན་པོས་སྒོ་གསུམ་བླ་མའི་ཕྱོགས་སུ་སྐྱོད་པའི་མགོ་ཚུགས། ཚུལ་དེ་དང་མཐུན་པ་མཁན་ཆེན་པདྨ་ཚེ་དབང་མཆོག་གིས་ཀྱང་མཁྱེན་ནས་སྐྱེས་བུ་དམ་པ་ཁོང་ནི་ངེད་ཚོའི་དགེ་བའི་བཤེས་གཉེན་ཆེན་པོ་མཁན་པོ་ཐུབ་དགའ་རིན་པོ་ཆེའི་སློབ་མའི་གཙུག་རྒྱན་རེད། ང་རང་གི་བླ་མ་དང་མཆེད་གྲོགས་གཉིས་ཀ་ཡིན། དེང་སང་བསྟན་པ་ཡང་དར་གྱི་སྐབས་འདིར་བསྟན་འགྲོ་ལ་སྨན་པའི་སྐྱེས་བུ་དམ་པ་ཁོང་ལྟ་བུ་རྙེད་དཀའ་བ་རེད། ཁྱོད་རང་ལའང་ལས་སྨོན་གྱི་འབྲེལ་བ་ཟབ་མོ་ཡོད་པས་མཆོག་ཐུན་མོང་གི་དངོས་གྲུབ་ཐོབ་པ་འགྱུར་ཚུལ་སོགས་སྒྲིབ་མེད་གཟིགས་པ་ཆེན་པོས་ལུང་བསྟན་པ་ནང་བཞིན། བྱང་ཆུབ་སེམས་དཔའ་གཞོན་ནུ་ནོར་བཟང་དང་། རྟག་ཏུ་ངུ་གཉིས་ཀྱིས་བཤེས་གཉེན་འཚོལ་བ་ནང་བཞིན་ཉིན་མཚན་ཀུན་ཏུ་བསམ་རྒྱུ་བླ་མ་ལས་མེད་པར་གྱུར་ནས། ཕྱིར་རང་ཡུལ་དུ་ཕེབས་ཏེ་མ་ཡུམ་ལགས་ལ་གནས་ཚུལ་དག་བསྙད་པས་དགྱེས་བཞིན་གནང་། འོན་ཀྱང་རླངས་འཁོར་གླ་སྤྲོད་རྒྱུ་མ་རྙེད་པས་ཉིན་འགའ་ལ་ཨ་མཆོད་དུ་ཕེབས་ནས་འབུལ་བ་ཅུང་ཟད་རྙེད། དེ་ནས་རིམ་གྱིས་ལམ་བར་ནས་དཀའ་ངལ་མང་པོ་ཁྱད་དུ་བསད་དེ་འཇའ་ལུས་པ་བཅུ་གསུམ་དུས་ཐོག་གཅིག་ཏུ་བྱོན་པའི་གདན་ས་ཁྱད་པར་ཅན་གསེར་ལྗོངས་བླ་མ་རུང་དུ་འབྱོར། གནས་དེ་ན་དུས་གསུམ་རྒྱལ་བ་ཡོངས་ཀྱི་སྤྱི་གཟུགས། རྒྱལ་དབང་པདྨ་ཀ་རའི་རྒྱལ་ཚབ། སྙིགས་མའི་འགྲོ་བ་ཡོངས་ཀྱི་སྐྱབས་མགོན། མཚན་བརྗོད་པར་དཀའ་ཡང་དོན་གྱི་སླད་དུ་མཚན་ནས་སྨོས་ན་གདོད་མའི་མགོན་པོ་༧ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུ་ཞེས་ས་གསུམ་ན་མཚན་སྙན་གྱི་བ་དན་དཀར་པོས་ཡོངས་སུ་ཁྱབ་པ་དེ་ཉིད། གཟིམས་ཆུང་གི་ཕྱི་རོལ་ན་རྐུབ་སྟེགས་ཤིག་གི་སྟེང་དུ་འགག་རིང་གི་སྟོད་ཕུད་ནས་ཉི་མར་བསྲོས་ཏེ་བཞུགས་པ་དང་མཇལ། ཁོང་གིས་བླ་མའི་མདུན་དུ་ཐོན་དུས་ཕྱག་གསུམ་འཚལ་དགོས་དགོངས་ཏེ་ཕེབས། འོན་ཀྱང་བླ་མའི་དྲུང་དུ་འབྱོར་ཚེ་ཕྱག་འཚལ་རྒྱུ་བརྗེད་པ་མ་ཟད་རེ་ཞིག་ཅི་ཡང་སྨྲ་མ་ནུས་པར་དལ་གཅིག་ལུས། དེ་ནི་ཐ་མལ་བའི་རྟོག་ཚོགས་དག་འགག་སྟེ་རང་རིག་ཆོས་སྐུའི་བླ་མའི་རང་ཞལ་མངོན་དུ་གྱུར་ནས་དཔོན་སློབ་དགོངས་པ་དབྱེར་མེད་དུ་གྱུར་པའི་རྟེན་འབྲེལ་ཐོག་མར་འགྲིག་པ་ཡིན་ངེས། དེ་ནས་བླ་མས་ཁྱོད་རང་མཁན་པོ་པད་ཚེས་མངགས་པ་དེ་ཨེ་ཡིན་ཞེས་སྒྲིབ་མེད་གཟིགས་པ་ཆེན་པོས་གསུངས། དེ་ནས་ཁོང་གི་གནས་ཚུལ་དག་ལྷག་ལུས་མེད་པར་བླ་མ་ལ་ཞུས་ཏེ། མཁན་པོ་པདྨ་ཚེ་དབང་གིས་བསྐུར་བའི་ངོ་སྤྲོད་ཀྱི་ཕྱག་བྲིས་དང་། ཐུབ་དགའ་ཡིད་བཞིན་ནོར་བུས་མཛད་པའི་ཚུལ་ཁྲིམས་བསྟོད་པའི་འགྲེལ་བ་གཉིས་བླ་མའི་ཕྱག་ཏུ་ཕུལ། བླ་མས་འགྲེལ་བ་དེ་ཉིད་དབུ་ཐོག་ཏུ་བཞག་ནས་ཞལ་ཕྱེས་ནས་གཟིགས་ཙམ་གནང་སྟེ། ཨ་ལེ་རྟེན་འབྲེལ་ཡག་སོང་། མ་འོངས་པར་ཁྱེད་ཀྱིས་བསྟན་འགྲོའི་དོན་རླབས་པོ་ཆེ་ཡོང་ངེས་རེད་གསུངས། དེ་ནས་ཁོང་གིས་བླ་མ་ལ་རྫོགས་པ་ཆེན་པོའི་ཉམས་ལེན་དམར་ཁྲིད་ཐུ་མོ་ཞིག་གསུང་རོགས་དང་། ངས་ཅི་ནུས་ཀྱིས་ཉམས་ལེན་རྣམ་དག་བྱེད་ངེས་ཡིན། འདིར་ཡུན་རིང་སྡོད་པའི་འཚོ་བའི་ཆ་རྐྱེན་མེད་ཅེས་ཞུས། བླ་མས་ཞལ་འཛུམ་ཙམ་མཛད་དེ་བྲེལ་བྲེལ་མ་བྱེད། འདིར་སྡོད་དང་འཚོ་བའི་མཐུན་རྐྱེན་ངས་བསྒྲུབ་ཆོག མ་ཟད་མདོ་སྔགས་རིག་གནས་དང་བཅས་པ་གང་འདོད་མང་དུ་འཐོབ་ཡོང་། ད་སྐབས་ཆོས་ཁྲིད་ཀྱི་མཚམས་དེ་ཡང་དབུ་མ་རྩ་བ་ཤེས་རབ་ཀྱི་རབ་བྱེད་བཅོ་བརྒྱད་པ་གནས་ལུགས་སྟོང་པ་ཉིད་ཀྱི་དོན་གཏན་ལ་འབེབས་པའི་སྐབས་དང་ཁེལ་འདུག་པས། རྟེན་འབྲེལ་ཧ་ཅང་བཟང་པོར་གྱུར་སོང་ཞེས་གསུངས། དེ་ནས་ཁོང་གིས་ཀྱང་བླ་མའི་བཀའ་བཞིན་དུ་གསང་ཆེན་འོད་སྐུར་གྲོལ་བའི་དབེན་ཁྲོད་དུ་རྒྱུན་བཞུགས་མཛད་རྒྱུར་ཐག་བཅད་དེ། ཚེ་རབས་ཀུན་ཏུ་ལས་སྨོན་གྱི་འབྲེལ་བ་ཟབ་པའི་མཚུངས་མེད་བླ་མ་དམ་པའི་ཞབས་རྡུལ་སྤྱི་བོར་བླངས་ཤིང་དད་དམ་འགྱུར་བ་མེད་པས་མཉེས་པ་གསུམ་གྱིས་བསྟེན་ཏེ། མདོ་སྔགས་རིག་གནས་དང་བཅས་པ་ལ་གུས་རྟག་གི་བརྩོན་པ་དྲག་པོས་སྤོང་ཀློག་གི་གནས་ལ་ཉིན་མཚན་ཀུན་ཏུ་སྦྱོང་བརྩོན་དྲག་པོ་ལྷུར་བླངས་ནས། ང་རྒྱལ་དང་ཁེངས་སེམས་མེད་པར་གནས་ཁང་དང་། ཟས་གོས་སོགས་འཚོ་བ་སྟབས་བདེ་ཙམ་གྱིས་ཆོག་ཤེས་པར་བྱས་ཏེ་བཞུགས། ཉིན་གཅིག་བླ་མ་ཡིད་བཞིན་ནོར་བུ་སྐུ་འཁོར་གསུམ་གླིང་སྐོར་བྱོན་པའི་ཞོར་དུ་ཁོང་གི་ཁྱིམ་དུ་ཕེབས་ཏེ་ཐུགས་དགྱེས་དགྱེས་མཛད་ནས་ཅུང་ཟད་བཞུགས། བླ་མའི་ཞལ་ནས་དེ་རིང་ངས་རྟེན་འབྲེལ་ཞིག་བརྟག་རྒྱུ་ཡིན་ཞེས་གསུངས་ཏེ་མཆོད་སྟེགས་ཀྱི་སྟེང་ནས་བོད་ལྡེབ་གཅིག་བླངས་ཏེ་གཟིགས་པ་ན། དམ་པ་འདིས་ཕྱག་བྲིས་གནང་བཞིན་པའི་ རྗེ་ཉིད་ཀྱིས་མཛད་པའི་དགོངས་པ་ཡེ་གྲོལ་ཆེན་པོའི་གཉིས་མེད་རང་བྱུང་ཡེ་ཤེས་རྒྱུད་ཀྱི་རྒྱལ་པོའི་དོན་རྣམ་པར་བཤད་པ་དྲི་བྲལ་ཉི་མའི་སྣང་བ་ལ་ཁེལ། འོ་ཤིན་ཏུ་བཟང་འདུག ཁྱོད་ནི་ཡང་གསང་རྫོགས་པ་ཆེན་པོའི་བསྟན་པ་ཕྱོགས་བཅུར་སྤེལ་བ་ལ་འཕྲིན་ལས་མཁའ་དང་མཉམ་པ་ཞིག་འབྱུང་བའི་རྟེན་འབྲེལ་འགྲིག་འདུག་ཅེས་སྒྲིབ་མེད་གཟིགས་པ་ཆེན་པོས་གསུང་གིས་ལུང་བསྟན། འདི་ལྟར་འདོད་ཆུང་ཆོག་ཤེས་ཀྱིས་ཆོས་ཕྱིར་དཀའ་བ་སྤྱད་ན་མཐའ་འབྲས་དོན་དང་ལྡན་པ་ཡིན་ཞེས་བླ་མ་སྐུ་འཁོར་གསུམ་གྱིས་གསུང་གིས་དབུགས་དབྱུང་གནང་། སྤྱིར་དུས་སྐབས་དེར་བླ་རུང་སྒར་གྱི་དགེ་འདུན་པ་རྣམས་ལ་མཚོན་ན་གནས་ཁང་དང་ཟས་གོས་སོགས་འཚོ་བ་སྟབས་བདེ་ཤ་སྟག་ཡིན་ལ། ལྷག་པར་དམ་པ་འདི་ཉིད་ནི་ཕ་ཡུལ་དང་ཁ་ཐག་རིང་བ་དང་། མ་ཟད་ཁྱིམ་ཚང་ཧ་ཅང་སྤྲང་པོ་རྒན་མོ་མ་བུ་ཡིན་པའི་སྟབས་ཀྱིས་འཚོ་བ་ལ་ཧ་ཅང་དཀའ་ངལ་ཆེ་བ་ཡིན་མོད། འོན་ཀྱང་ཆོས་ཕྱིར་དཀའ་བ་ཚད་མེད་སྤྱད་ནས་བཞུགས། 

  རིགས་བདག་བླ་མ་མཆོག་གི་མདུན་ནས་ཀུན་མཁྱེན་ཆེན་པོའི་མུན་སེལ་སྐོར་གསུམ། ངལ་གསོ་སྐོར་གསུམ། སྙིང་ཐིག་ཡ་བཞི། མཛོད་ཆེན་བདུན་སོགས་དང་། རོང་ཟོམ་ཆེན་པོའི་ཐེག་ཆེན་ཚུལ་འཇུག སྣང་བ་ལྷ་སྒྲུབ་སོགས་དང་། ཀུན་མཁྱེན་མི་ཕམ་རྒྱ་མཚོའི་སེམས་ངོ་འཛུབ་བཙུགས། རྫོགས་སྐོར། མན་ངག་ལྟ་འཕྲེང་། ཚིག་བདུན་རྣམ་བཤད་སོགས་རིགས་འཛིན་རྒྱུད་པའི་གསུང་གིས་གཙོ་བོར་བྱས་ཏེ། གསར་རྙིང་རིས་མེད་ཀྱི་མཁས་གྲུབ་དམ་པ་རྣམས་ཀྱི་ཞལ་ནས་གསུངས་པའི་ཐུན་མོང་རིག་གནས་སུམ་རྟགས་དག་གསུམ་དང་། ཐུན་མིན་སྔོན་འགྲོའི་ཆོས་སྐོར་དང་། དམ་ཆོས་འདུལ་བ་དང་། མངོན་པ། ཚད་མ། དབུ་མ། ཕར་ཕྱིན། ཕྱི་ནང་གི་རྒྱུད་སྡེའི་ཆོས་སྐོར་མང་དུ་གསན། མདོར་ན། བཀའ་གཏེར་གསར་རྙིང་གིས་མཚོན་པའི་དབང་ལུང་ཁྲིད་སོགས་ཚུལ་བཞིན་བཞེས་པར་མཛད་མོད་འདིར་རེ་རེ་ནས་མ་སྤྲོས། ཁྱད་པར་གསང་བ་མན་ངག་གི་ཆོས་སྐོར་དག་ལས་བརྩམས་པའི་གཞུང་ལུགས་རྒྱ་མཚོ་ལྟ་བུ་ལ་ཐོས་བསམ་སྒོམ་གསུམ་དང་། འཆད་རྩོད་རྩོམ་གསུམ་མཛད་པས་མཁས་བཙུན་བཟང་གསུམ་གྱིས་མཁྱེན་རབ་ཕྱོགས་མེད་དུ་རྒྱས། ཉམས་རྟོགས་ཀྱི་ཡོན་ཏན་འཁྲུངས། དམིགས་གསལ་ཆོས་དབྱིངས་རིན་པོ་ཆེ་མཛོད་ཀྱི་ཁྲིད་སྦྱོང་སྐབས་སུ་ཉམས་རྟོགས་ཀྱི་ཡོན་ཏན་ལྷག་པར་འཁྲུངས་པས་བླ་མ་ཡིད་བཞིན་ནོར་བུའི་ཐུགས་ཤིན་ཏུ་དགྱེས། ཡང་སྐོར་གཅིག་བླ་མས་མཁའ་དབྱིངས་འཇའ་སྤྲིན་འཁྱིལ་བའི་རི་ཁྲོད་དུ་རྫོགས་པ་ཆེན་པོའི་མན་ངག་དམར་ཁྲིད་གནང་། སྐབས་དེ་དུས་སུ་ཁོང་གིས་སླར་ཡང་རྟོགས་འབུལ་ཕུལ་བས་ཉམས་རྟོགས་དང་ལྟ་བའི་གདེང་ཚད་ལ་བླ་མ་ཡིད་བཞིན་ནོར་བུས་ཐུགས་ཤིན་ཏུ་དགྱེས་ཏེ་སྟོན་འཁོར་བརྒྱ་ཕྲག་གི་དབུས་སུ་བསྔགས་བརྗོད་རྒྱ་ཆེར་མཛད། རིག་འཛིན་ཀློང་གསལ་སྙིང་པོའི་རྣམ་རོལ་གྲུབ་དབང་ལུང་རྟོགས་རྒྱལ་མཚན་གྱི་མདུན་ནས་སེམས་ངོ་འཛུབ་བཙུགས་ཀྱི་ཁྲིད་ལུང་གསན་ཏེ་རྟོགས་འབུལ་ཕུལ་བས་དམ་པ་འདི་ཉིད་ཀྱི་ཉམས་དང་རྟོགས་པའི་ཡོན་ཏན་ལ་བསྔགས་པ་རྒྱ་ཆེར་མཛད།

  ཡང་རབ་བྱུང་མེ་སྟག་སྤྱི་ལོ༡༩༨༦ལོར་ཆོས་རྗེ་བླ་མས་དཔལ་ལྡན་དུས་ཀྱི་འཁོར་ལོའི་དབང་མོ་ཆེ་བསྐུར་བའི་སྐབས་སུ་དམ་པ་འདི་ཉིད་གྲྭ་རྐྱང་དཀྱུས་མ་ཞིག་ལས་ཅི་ཡང་མིན་མོད། སྒྲིབ་མེད་གཟིགས་པ་ཆེན་པོས་གསང་ཆེན་བསྟན་པའི་བདག་པོ་རྒྱལ་ཚབ་རྣམ་བཞིའི་གྲལ་དུ་མངའ་གསོལ་མཛད་པ་འདི་ཉིད་གཅིག་པུའི་རྣམ་ཐར་ལས་ཀྱང་དམ་པའི་ཡོན་ཏན་མ་ལུས་རང་ཆས་སུ་རྫོགས་པའི་ཆེ་བ་བསྟན་པ་མ་ཡིན་ནམ། དགུང་ལོ་ཉེར་ལྔའི་སྟེང་ནས་སྡོམ་བརྩོན་སྡེ་སྣོད་འཛིན་པའི་མཁན་པོའི་མཚན་གནས་བཞེས། མ་ཟད་ལུང་རིགས་མན་ངག་རྒྱ་མཚོའི་གནས་ལ་བློ་གྲོས་མཆོག་ཏུ་མངའ་བ་མཁན་པོ་ཤེས་རབ་བཟང་པོ་ཞེས་མཚན་གྱི་ཅོད་པན་གསོལ་ཏེ་བསྔགས་བརྗོད་ཀྱི་མེ་ཏོག་གཏོར། 

  གཞན་ཡང་མི་འགྱུར་དཔལ་གྱི་སྒྲོལ་མའི་རྣམ་རོལ་རྗེ་བཙུན་མ་མུ་མེད་ཡེ་ཤེས་མཚོ་མོའི་མདུན་ནས་ཨ་ཏི་ཟབ་དོན་གྱི་སྨིན་ཁྲིད་སོགས་དབང་ཁྲིད་མང་དུ་མནོས། སྤྲུལ་ཏིཥྛའི་མདུན་ནས་སྤྱི་མདོ་དགོངས་འདུས་ཀྱི་དབང་དང་། མཁན་པོ་ཏེ་པའི་མདུན་ནས་སྤྱི་མདོའི་ལུང་དང་། མཆོག་སྤྲུལ་བདེ་ཆེན་གྱི་མདུན་ནས་ལས་གླིང་གི་གཏེར་ཆོས་སྐོར་གྱི་དབང་ཆེ་ལོང་ཙམ་དང་། བླ་མ་ཨ་འཇམ་གྱི་མདུན་ནས་ལས་གླིང་ཆོས་སྐོར་གྱི་ལུང་དང་། ཨ་ཁྱའི་བླ་མ་ཀར་ཆོས་ཀྱི་མདུན་ནས་དགོངས་པ་ཟང་ཐལ་གྱི་དབང་ལུང་སོགས་དང་། མཁན་པོ་འཇིགས་དབང་གི་མདུན་ནས་དཔལ་སྤྲུལ་བཀའ་འབུམ་གྱི་ལུང་དང་། དེ་བཞིན་སྤྲུལ་དཔལ་འབྱོར་རྒྱ་མཚོ་དང་། མཁན་སྒེག་རྡོར། མཁན་སྒེག་དཔལ། མཁན་པོ་ཆོས་པད་སོགས་བཤེས་གཉེན་དུ་མ་བསྟེན་ཏེ་མདོ་སྔགས་ཀྱི་ཆོས་ཚུལ་མང་པོར་གསན་བཞེས་མཛད། དེ་བཞིན་བླ་མའི་ཕྱག་བཞེས་ནང་ལྟར་བླ་རུང་དུ་འཛིན་གྲྭའི་མཁན་པོའི་འགན་བཞེས་གནང་ནས་གཞུང་བཀའ་པོད་ལྔ་དང་། རྒྱུད་གསང་བ་སྙིང་པོ་སོགས་ཀྱི་གཙོས་མདོ་སྔགས་རིག་གནས་དང་བཅས་པ་འཆད་ཁྲིད་མཛད་ཅིང་། བསྟན་འགྲོ་ལ་སྨན་པའི་སྡེ་སྣོད་འཛིན་པའི་མཁན་པོའང་མང་དུ་གསོ་སྐྱོང་གནང་། ཞོར་དུ་བླ་མའི་བཀའ་བཞིན་བླ་རུང་གི་ལས་ཁུངས་ཆེ་བཞིའི་ཡ་གྱལ་དཔལ་འབྱོར་ཁང་གི་དབུ་འཛིན་གནང་། ཡང་བླ་མ་ཡིད་བཞིན་ནོར་བུས་སྤྱི་ལོ་༢༠༠༢ལོར་ཕྱོགས་ལས་རྣམ་པར་རྒྱལ་བའི་དུས་སྟོན་གྱི་སྐབས་སུ་འཁོར་ཚོགས་རྒྱ་མཚོའི་དབུས་སུ་སྲས་ཀྱི་ཐུ་བོ་བདུན་གྱི་གྲལ་དུ་མངའ་གསོལ་མཛད། ཡང་བླ་མས་དམ་པ་འདི་ཉིད་ལ་ཀློང་ཆེན་པའི་སྐུ་གསུང་གི་ཚབ་ཏུ་གསེར་སྐུ་གཅིག་དང་། ཡ་བཞིའི་དཔེ་སྐོར་དག་གནང་། སྤྱིར་དམ་པ་འདི་ཉིད་མི་གཞི་བཟང་བ་དང་། མཁས་བཙུན་གྱི་ཡོན་ཏན་ཕུན་སུམ་ཚོགས་པ་མངའ་བ་སོགས་ཀྱིས་བླ་མ་ཡིད་བཞིན་ནོར་བུས་གཞན་དང་མི་འདྲ་བ་རྟག་པར་ཐུགས་བརྩིས་ཆེན་པོར་གནང་། དཔེ་མཚོན་ཙམ་ཞུས་ན། བླ་མ་ཡིད་བཞིན་ནོར་བུའི་ཞལ་ནས། མཁན་པོ་ཤེས་རབ་བཟང་པོ་ཁོང་ནི་བན་རྒན་ང་རང་ལ་གཞན་དང་མི་འདྲ་བ་དགའ་དད་ཡོད་ནི་རེད། ད་རུང་ཁོང་གི་རྒྱུ་ནོར་དག་ཀྱང་ངའི་ཕྱོགས་སུ་སོང་ན་ཐུ་མོ་ཞིག་ཡིན་སྣང་ཤར་ནི་རེད། ཁོང་རང་གི་གཤིས་ཀ་དེ་དེ་འདྲའི་འགྱུར་བ་མེད་པ་ཞིག་ཡིན་ནི་རེད། ང་རང་གིས་ཀྱང་ཁོང་ནི་སྙིང་དང་འདྲ་བའི་གསེར་ལོག་ལོག་ཅིག་གི་འདུ་ཤེས་ཡོད་ཅེས་ལན་མང་གསུངས་པ་ལྟ་བུ་རེད། 

  སྤྱིར་དམ་པ་ཉིད་བླ་མ་ཡིད་བཞིན་ནོར་བུ་ལ་རང་བཞིན་ཤུགས་ཀྱིས་དད་གུས་ཚད་མེད་པ་མངའ་ལུགས་ལ་མཚོན་ན། བླ་མའི་མདུན་དུ་ལྷགས་ཚེ་རང་བཞིན་ཤུགས་ཀྱིས་དབུ་གྱེན་དུ་བཏེགས་ཏེ་གསུང་སྐད་མཐོན་པོ་ཞིག་ཀྱང་བྱེད་མི་ཕོད། དཔེར་ན་སྐབས་འགར་བླ་མ་ཡིད་བཞིན་ནོར་བུས་ཞལ་པར་རེ་བཏང་ཡོང་དུས་སུ། གཟིམས་མལ་གྱི་ནང་པུས་མོ་གཙུགས་ཏེ་སྐུ་ལུས་དང་གསུང་སྐད་འདར་བཞིན་བླ་མ་ལ་བཀའ་ལན་ཞུ་ཚུལ་བདག་གིས་ཀྱང་ཐེངས་མང་དུ་མཇལ་བ་ལྟ་བུ་ཡིན། མ་ཟད་རྒྱུ་རྫས་བཟང་པོ་ཞིག་ཡོད་ནའང་རྒྱུན་དུ་རྩ་བའི་བླ་མའི་ཕྱོགས་སུ་འགྲོ་ཐབས་མཛད་ཅིང་། བླ་མའི་བཀའ་གསུང་ལ་ཅུང་ཟད་ཀྱང་འགལ་བ་མི་བྱེད་པར་བླ་མའི་མཛད་པ་དང་འཕྲིན་ལས་ཀྱི་རྗེས་སུ་སྒྲུབ་པ་མཛད་པ་ནི་རྣམ་ཐར་ཀུན་གྱི་ཆེ་བ་ཡིན་ནོ། །

  ༡༩༨༥ལོར་བླ་མའི་ཐུགས་བཞེད་བཞིན་ཕ་ཡུལ་དུ་ཕེབས་ནས་བཀའ་བསྟན་དཔང་པོར་བྱས་ཏེ་རང་དགོན་དུ་བསྟན་པ་དག་ཐེར་མཛད། སྐབས་དེ་དུས་འགལ་རྐྱེན་མང་དུ་འཕྲད་ཀྱང་། ཉིན་ཞིག་གློ་བུར་དུ་བླ་མ་ཡིད་བཞིན་ནོར་བུས་འཁོར་སློབ་རྣམས་ལ་མཁན་པོ་ཤེས་རབ་བཟང་པོས་བསྟན་འགྲོའི་དོན་སྒྲུབ་པ་ལ་འགལ་རྐྱེན་བར་ཆད་འབྱུང་བཞིན་འདུག་པས་གེ་སར་སྐྱེས་བུ་ཆེན་པོ་ལ་མྱུར་བར་འཕྲིན་བཅོལ་དགོས་གསུངས་ཏེ་མཆོད་བསྟོད་མཛད་པའི་མཐུ་དང་། ཁོང་གི་ཐུགས་བསྐྱེད་རྣམ་པར་དག་པའི་བདེན་སྟོབས་ཀྱིས་བར་ཆད་ཀྱི་གཡུལ་ལས་རྒྱལ་ཏེ་བསྟན་པའི་བྱ་བ་རྒྱ་ཆེན་མཛད།

  ༡༩༨༧ལོར་རྒྱ་ནག་རི་བོ་རྩེ་ལྔ་རུ་ཆོས་རྗེ་ཡིད་བཞིན་ནོར་བུ་དང་མཉམ་དུ་ཕེབས་ཏེ་བསྟན་འགྲོའི་དོན་དུ་སྨོན་ལམ་རྒྱ་ཆེར་བཏབ། ༡༩༨༨ལོར་རྩྭ་ཤུལ་དགོན་དུ་འཆད་ཉན་དང་སྒོམ་སྒྲུབ་ཀྱི་རྒྱུན་བཙུགས། ཡང་སྐོར་གཅིག་རྩྭ་ཤུལ་དགོན་གྱི་བླ་མ་བསོད་ནམས་རིག་ལྡན་གྱིས་དམ་པ་འདི་ཉིད་ཕྱིར་རང་དགོན་དུ་ཕེབས་དགོས་པའི་སྐོར་ནས་བླ་མ་ཡིད་བཞིན་ནོར་བུ་ལ་དགོངས་གནང་ཞུས་པས། བླ་མ་ཡིད་བཞིན་ནོར་བུའི་ཞལ་ནས་ཁྱོད་ཚོས་ཕྱིར་ཁྲིད་སྔ་མ་བྱེད། ད་རུང་འདིར་ཞོག་དང་། དཔེར་ན་ས་ཞིང་ཞིག་ཡིན་ན་འབྲས་བུ་ཡང་དག་སྨིན་ཡག་ཆུགས་དང་རྩྭ་ཤུལ་དགོན་ཙམ་དུ་མ་ཟད་ཡུལ་ཁམས་སྤྱི་ལ་རྒྱགས་བྱེད་ཅིག་ཡོང་བར་ངེས་ཞེས་གསུངས་ནས་མ་བཏང་།

  ༡༩༩༤ལོར་བླ་མ་ཡིད་བཞིན་ནོར་བུ་རང་ཡུལ་དུ་གདན་དྲངས་ཏེ་བདོག་པའི་དངོས་པོ་ཀུན་རིགས་བདག་བླ་མའི་ཕྱོགས་སུ་ཕུལ། བཟའ་ཚང་རྣམས་ཁྱིམ་ནས་མངོན་པར་འབྱུང་རྒྱུ་ཁས་ལེན་བྱས། ཡང་བླ་མ་ཡིད་བཞིན་ནོར་བུ་རྩྭ་ཤུལ་དགོན་དུ་གདན་དྲངས་ཏེ། ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། བླ་མ་ཡིད་བཞིན་ནོར་བུ་ཐུགས་ཤིན་ཏུ་དགྱེས་ཏེ་དགོན་གྱི་མཚན་ལ་བཀྲ་ཤིས་མདོ་སྔགས་དར་རྒྱས་གླིང་ཞེས་བཏགས།

  ༡༩༩༤ལོའི་སྟོན་ཁ་བླ་རུང་སྒར་སྤྱིའི་དོན་དུ་དམ་པ་འདི་ཉིད་སྡེ་དགེ་རྫོང་ཐོག་ཏུ་སེམས་ཉིད་ངལ་གསོའི་འགྲེལ་བའི་ཡི་གེ་བླུ་སར་ཕེབས། ལམ་བར་ནས་རང་ཡུལ་ལ་ཉིན་འགའ་བཞུགས། སྡེ་མི་ཚོས་དམ་པ་ཉིད་རང་ཡུལ་ལ་ཕྱིར་ཕེབས་དགོས་པའི་རེ་ཞུ་ཕུལ་བ་མ་ཟད། ཁྱིམ་བདག་འགས་མི་རབས་མང་པོའི་རིང་གི་ཕ་ས་གདན་སའི་ཆེད་དུ་ཕུལ་བས་དབེན་གནས་བཀྲ་ཤིས་ཁྲི་གླིང་འདེབས་རྒྱུའི་རྟེན་འབྲེལ་རང་འགྲིགས་སུ་གྱུར། དེ་ནས་བླ་མ་ཡིད་བཞིན་ནོར་བུས་དགོངས་གནང་འོག ༡༩༩༥ལོར་དབེན་གནས་བཀྲ་ཤིས་ཁྲི་གླིང་འཇིགས་མེད་རིག་པ་འཛིན་པའི་ཆོས་སྡེ་གསར་དུ་ཕྱག་བཏབ་གནང་། རིམ་གྱིས་བཀོད་ལེགས་པའི་གཙུག་ལག་ཁང་དང་། བྱིན་རླབས་ཆེ་བའི་སྐུ་གསུང་ཐུགས་རྟེན་དུ་མ་བཞེངས། ཀུན་ཕན་གསོ་རིག་གླིང་གསར་དུ་བཙུགས་ཏེ་ཉམ་ཆུང་གི་འགྲོ་བ་རྣམས་ལ་ཞབས་འདེགས་རྒྱ་ཆེར་མཛད། འོག་གི་དགེ་བསྙེན་གྱི་ཆོས་སྡེ་དང་། སྟེང་གི་གྲྭ་བཙུན་གྱི་འདུས་སྡེ་སོགས་དགེ་འདུན་པའི་སྡེ་མང་དུ་བཙུགས་ཏེ་འཆད་ཉན་སྒོམ་སྒྲུབ་ཀྱི་རྒྱུན་སྤེལ། ཟབ་མོའི་དུས་མཆོད་དུ་མ་རྒྱུན་གཞག་མཛད་དེ་བསྟན་འགྲོའི་དོན་རྒྱ་ཆེན་སྒྲུབ་བཞིན་པའོ། །

  གཞན་ཡང་རིས་སུ་མ་ཆད་པའི་དགོན་སྡེ་བརྒྱ་ཕྲག་ལྷག་ཏུ་བྱོན་ནས་བཤད་སྒྲུབ་ཀྱི་བསྟན་པ་རྒྱ་ཆེར་བཙུགས། ས་གནས་སོ་སོའི་དད་ལྡན་གྱི་སྐྱ་སེར་གྲངས་མེད་པ་ཞིག་ལ་དགེ་སྡིག་བླང་དོར་སོགས་དམ་པའི་ཆོས་ཀྱི་བསླབ་བྱ་གནང་བ་དང་། འོད་མཚན་དང་། ས་ཏྭ། ཨ་ར་པ་ཙ། མ་ཎི། སིདྡྷི། ཚིག་བདུན་གསོལ་འདེབས་སོགས་བསྙེན་པ་དང་གསོལ་འདེབས་དུང་ཕྱུར་སྟོང་ཕྲག་མང་པོ་དགེ་སྐུལ་མཛད་པ་དང་། ཕྱོགས་སོ་སོར་ཁྱིམ་པའི་རྟེན་ཅན་གྱི་དགེ་བསྙེན་དང་། རབ་བྱུང་གི་རྟེན་ཅན་གྱི་དགེ་ཚུལ་སློང་ཁྲི་ཕྲག་ལས་བརྒལ་བ་བསྒྲུབས་ཏེ་བསྟན་པ་ལ་བྱ་བ་རྒྱ་ཆེར་བྱས། 

  ༡༩༩༧ལོར་བླ་མ་ཡིད་བཞིན་ནོར་བུའི་བཀའ་བཞིན་མ་ཧ་ཙི་ནའི་ཡུལ་སོགས་སུ་ཕེབས་ཏེ་ཆོས་མི་ཤེས་པའི་རིགས་དག་ནང་པ་སངས་རྒྱས་པའི་གྲལ་དུ་བཀོད་པ་དང་། ཉམ་ཆུང་གི་སེམས་ཅན་དུང་ཕྱུར་བརྒྱ་ཕྲག་མང་པོ་སྲོག་བླུ་མཛད། ལོ་རེ་བཞིན་དུ་དམ་པ་ཉིད་སྐུ་དངོས་སུ་ཕེབས་ཏེ་ཞག་མ་བརྒྱ་ཐམ་པའི་ཡུན་ལ་སྲོག་བླུའི་དགེ་སྒྲུབ་དམིགས་གསལ་དུ་མཛད། ༡༩༩༩ལོར་རྩྭ་ཤུལ་དགོན་པ་ཆུ་སོགས་ཀྱིས་འཇིག་པའི་དབང་གིས་གསར་སྤོ་མཛད་པ་ལ་གཙུག་ལག་ཁང་རྟེན་དང་བཅས་པ་གསར་དུ་བཞེངས་པ་སོགས་ཀྱི་མཐུན་རྐྱེན་མཐའ་དག་བསྒྲུབས། ༢༠༠༡ལོར་རྩྭ་ཤུལ་དགོན་གྱི་བཤད་གྲྭ་གསར་དུ་བཙུགས་པས་ཆོས་རྗེ་ཡིད་བཞིན་ནོར་བུས་ཕུན་ཚོགས་རྣམ་རྒྱལ་གླིང་ཞེས་མཚན་གསོལ། དེར་འཆད་ཉན་སྒོམ་སྒྲུབ་ཀྱི་རྒྱུན་བཙུགས་ཏེ། དམ་ཆོས་འདུལ་བ་བཞིན་བླང་དོར་གྱི་གནས་རྣམས་གཏན་ལ་ཕབ་སྟེ་བཤད་སྒྲུབ་ཀྱི་བསྟན་པ་རྨང་ནས་གསོས། མ་ཟད་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བྱིན་རླབས་མཛད་པའི་གནས་བསམ་ཡས་མཆིམས་ཕུ་དང་། གངས་རི་ཐོད་དཀར། རི་བོ་རྩེ་ལྔ་དང་། དཔལ་རི་རྩེ་དགུ་སོགས་རྒྱ་བོད་ཀྱི་ཡུལ་གྲུ་སོ་སོའི་གནས་ཆེན་དུ་མར་བྱོན་ཏེ་མཚམས་བསྙེན་སྒྲུབ་སོགས་མཛད་ཅིང་བསྟན་འགྲོའི་དོན་དུ་སྨོན་ལམ་རྒྱ་ཆེར་བཏབ། ཨོ་རྒྱན་རིན་པོ་ཆེ་སོགས་ཀྱི་ལུང་གིས་ཟིན་པའི་ས་གནད་ཁྱད་པར་ཅན་རྣམས་སུ་བསྟན་འགྲོའི་འགལ་རྐྱེན་སེལ་བ་དང་། མཐུན་རྐྱེན་འགྲུབ་བའི་ཕྱིར་དུ་མཆོད་རྟེན་བརྒྱ་ཕྲག་མང་པོ་བཞེངས། ཁྱད་པར་དུ་རྒྱ་ནག་རི་བོ་རྩེ་ལྔའི་བྱང་ཆུབ་དགོན་དུ་བླ་མ་ཡིད་བཞིན་ནོར་བུས་དགོས་དབང་བསམ་གྱིས་མི་ཁྱབ་པ་ཡོད་ཚུལ་སོགས་གསུངས་ནས་བཞེངས་པའི་གུ་རུའི་སྐུ་ལ་ལོ་འགའི་སྔོན་དུ་འཇིག་ཉེན་གྱི་བར་ཆད་དང་འཕྲད་ཚེ་དམ་པ་ཁོང་གིས་ཐུགས་བསྐྱེད་ཀྱིས་བཟློགས་ཏེ། ཕུན་ཚོགས་ཇེ་ལེགས་སུ་བཏང་བར་མཛད་ཅིང་འབྲེལ་ཚད་བདེ་བ་ཅན་དུ་ཁྲིད་པའི་མཛད་འཕྲིན་རྒྱ་ཆེར་བསྐྱངས་དང་སྐྱོང་བཞིན་པ་ཡིན། བླ་རུང་ཆོས་ཀྱི་གྲོང་ཁྱེར་དུ་སྤྱི་ཁྱབ་རྒྱུན་ལས་ཀྱི་འགན་བཞེས་ཏེ་དགེ་འདུན་པ་རྣམས་ལ་ཕྱི་ནང་གསང་གསུམ་གྱི་ཐད་ནས་ཞབས་འདེགས་གལ་ཆེ་བའང་མང་པོ་བསྒྲུབས་དང་སྒྲུབ་བཞིན་པའོ། །

  དེ་བཞིན་དུ་གསང་སྙིང་གི་བསྡུས་དོན་དང་། ཆོ་འཕྲུལ་ཟླ་བའི་སྨོན་ལམ། ནང་ཆོས་ཀྱིས་འཇིག་རྟེན་ལ་ལྟ་བ། མེ་ཏོག་རིམ་བཞད། དབེན་པའི་ལམ། ཚེ་སྲོག་གི་ཟློས་གར། ཆར་ནང་གི་གདུགས་སོགས་གསུང་རྩོམ་མི་ཉུང་བ་ཞིག་ལྗགས་རྩོམ་གནང་། དམ་པ་ཉིད་ཀྱིས་ང་རང་ལ་ཡོན་ཏན་གཞན་ཅི་ཡང་མེད་མོད། མི་ལོ་ཉི་ཤུ་ཙམ་གྱི་ཡུན་ལ་བླ་མ་ཡིད་བཞིན་ནོར་བུའི་ཐུགས་དང་འགལ་བ་དང་། ཐུགས་ལ་མི་འཕྲོད་པའི་ལས་ཕྲ་མོ་ཙམ་ཡང་བྱས་མ་མྱོང་། དེ་ཚོ་ང་རང་གི་མི་ཚེ་དོན་ལྡན་རེད་དྲན་བཞིན་ཡོད་ཅེས་རྒྱུན་དུ་གསུངས། འདི་ཉིད་གཅིག་པུས་ཀྱང་དམ་པའི་རྣམ་ཐར་བླ་ན་མེད་པ་གསལ་པོར་བསྟན་ནུས་པ་མ་ཡིན་ནམ། 

  གཞན་ཡང་དམ་པ་འདི་ཉིད་ཀྱི་མཛད་པ་དང་འཕྲིན་ལས་ཀྱི་སྐོར་ནས་སྔོན་བྱོན་རིག་འཛིན་རྣམས་ཀྱིས་ལུང་བསྟན་སོགས་མང་དུ་ཡོད་ཀྱང་འདིར་མ་སྤྲོས། སྤྱིར་ཁོང་གི་མཛད་པ་དང་འཕྲིན་ལས་སོགས་དང་འབྲེལ་བའི་ཕྱི་ནང་གསང་གསུམ་གྱི་རྣམ་ཐར་རྒྱ་ཆེ་བ་ཞིག་ཡོད་མོད་གཞན་དུ་འབྲི་བཞིན་ཡོད་པས་འདིར་མདོ་ཙམ་བྲིས་པའོ། །དེ་ལྟར་མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་རྒྱ་མཚོའི་ཕ་རོལ་སོན་པའི་དམ་པ་ཁོང་གི་སྐུ་ཚེ་མི་འགྱུར་རྡོ་རྗེའི་ཆོས་བདུན་གྱི་ངོ་བོར་བསྟན་འགྲོའི་དཔལ་དུ་བཞུགས་པ་ལགས་སོ། །

  ཞེས་དམ་པ་མཆོག་གི་ཞབས་རྡུལ་སྤྱི་བོར་ལེན་པའི་སྐལ་བ་ཅན་ཚེ་དབང་དངོས་གྲུབ་ཏུ་འབོད་པས་མེ་སྤྲེལ་ལོའི་ཟླ་བ༡ཚེས་༡༥ཉིན་ཁྲིན་ཏུའུ་གྲོང་ཁྱེར་དུ་སྦྱར་བའོ།། །།