༈ མཚོ་སྐྱེས་རྒྱལ་བའི་དབང་པོ་དང་འབྲེལ་བའི་དགེ་རྩ་རླབས་ཆེན།


 

  1.རི་བོ་རྩེ་ལྔའི་བྱང་ཆུབ་སྤོའི་རྟེན་གཙོ་མ་ཧཱ་གུ་རུ་འདི་ནི།  ༸ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུ་འཇིགས་མེད་ཕུན་ཚོགས་འབྱུང་གནས་དཔལ་བཟང་པོ་མཆོག་གིས་རྒྱལ་བསྟན་སྤྱི་དང་བྱེ་བྲག་གསང་སྔགས་ཀྱི་བསྟན་པ་རིན་པོ་ཆེ་ཕྱོགས་བཅུའི་ཐ་གྲུ་ཀུན་ཏུ་དར་ཞིང་རྒྱས་ནས་འབྲེལ་ཚད་ཀུན་སྨིན་གྲོལ་གྱི་ལམ་ལ་འགོད་པའི་དགོས་དབང་ཁྱད་པར་ཅན་ཡོད་ཚུལ་ལ་གཟིགས་ནས་མེ་ཡོས་ལོར་བཞེངས་བསྐྲུན་གནང་། 

  2.ཕྱིས་སུ་རྟེན་འདི་ཉིད་ལ་ཆག་གྲུམ་ཅི་རིགས་རེ་བྱུང་བས། རྗེ་ཉིད་ཀྱི་ཐུགས་སྲས་མཁན་ཆེན་ཤེས་རབ་བཟང་པོ་མཆོག་གིས་བགྲང་བྱ་གསུམ་ལྷག་གི་རིང་ཐུགས་བསྐྱེད་དང་འོ་བརྒྱལ་གནང་བའི་མཐུས། ད་ལོ་སྟེ་མེ་སྤྲེལ་ལོར་བསྐྱར་གསོ་ལེགས་འགྲུབ་བྱུང་ནས་སྔར་བཞིན་ལྷ་དང་མི་ཡི་བླ་ན་མེད་པའི་མཆོད་སྡོང་དུ་བཞུགས་སུ་གསོལ་ཡོད། 

  3.གཞན་ཡང་། ལོ་འདིར་མཁན་ཆེན་མཆོག་གིས་བསྟན་འགྲོའི་དོན་དུ་ཚིག་བདུན་གསོལ་འདེབས་དུང་བརྒྱའི་དགེ་སྐུལ་མཛད་ཅིང་། འདི་ལོའི་ས་ག་ཟླ་བར་དགེ་སྐུལ་ཡོངས་སུ་གྲུབ་པར་མ་ཟད། ཉིན་ལྟར་ཁས་ལེན་གྱི་གྲངས་ཀ་ཇེ་མང་དུ་འགྱུར་བཞིན་པའི་སྐབས་འདིར། ཀུན་གྱིས་རྗེས་སུ་ཡི་རང་དང་བསྔོ་སྨོན་གྱིས་རྒྱས་གདབ་པར་ཞུ་ཞིང་། ཁྱད་པར་སྔར་དགེ་སྐུལ་འདིའི་ནང་དུ་ཞུགས་ནས་ཁས་ལེན་གྲུབ་ཚར་བ་རྣམས་ཀྱིས་ཡང་བསྐྱར་དེའི་ཐོག་ལ་ཁས་ལེན་རེ་ཨི་འགྲུབ་བལྟ་རྒྱུ་དང་། དེ་སྔར་མ་ཞུགས་པའི་དགེ་བ་ལ་འདུན་པ་རྣམས་ཀྱིས་ད་རེས་ཀྱི་གོ་སྐབས་མ་ཤོར་བར་བྱས་ཏེ་ཐམས་ཅད་ཀྱིས་ཁས་ལེན་དམ་བཅའ་རེ་གྱིས་དང་། སྤྱིར་རྒྱལ་བའི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་ནས་འཛམ་གླིང་ཞི་བདེ་ཡོང་བ་དང་། བྱེ་བྲག་གང་ཟག་རང་ཉིད་ཀྱང་ཚེ་འདིར་བདེ་ཞིང་ཕྱི་མ་སྐྱིད་པའི་རྒྱུ་རུ་འགྱུར་བ་གདོན་མ་ཟ་ཞེས་ཚད་མའི་སྐྱེས་བུ་རྣམས་ཀྱིས་ཡང་ཡང་གསུངས་ན་དེ་ལུགས་ཐུགས་ལ་འཛིན་པར་ཞུ།