བྱང་ཆུབ་གླིང་།-དབེན་གནས་བཀྲ་ཤིས་ཁྲི་གླིང་།-སློབ་མའི་སྦྱོང་རྩོམ།

༄༅། ། ཐེག་ཆེན་ཕྱིར་མི་ལྡོག་པའི་རྟགས་ཀྱི་རྣམ་བཞག་ལ་ཅུང་ཟད་དཔྱད་པ་དྲི་མེད་ཤེལ་གྱི་མེ་ལོང་ཞེས་བྱ་བ་བཞུགས་སོ། །


 

  ཟླ་བྲལ་ཐུགས་བསྐྱེད་རྒྱ་མཚོའི་ཀློང་ཡངས་སུ།  ། དམིགས་མེད་ཕྱིན་དྲུག་ཐབས་ཀྱིས་བརྩོན་པ་ལས།  །འདོད་འབྱུང་མཚན་དཔེའི་ཡིད་འོང་ལེགས་འཁྲུངས་པའི།  ། མཉམ་མེད་སྟོན་པ་མཆོག་ལ་སྙིང་ནས་འདུད།  ། སྤྲོས་དང་བྲལ་བའི་ཐུགས་ཀྱི་མཁའ་དབྱིངས་སུ།  ། མཁྱེན་བརྩེ་ཉི་ཟླའི་དཀྱིལ་འཁོར་མ་ལུས་པ།  ། ཡོངས་རྫོགས་སྔ་འགྱུར་བསྟན་པའི་ཤིང་རྟ་ཆེ།  ། ཀུན་མཁྱེན་དྲི་མེད་འོད་ཟེར་རྒྱལ་གྱུར་ཅིག ། རྒྱལ་ཀུན་ཡེ་ཤེས་ཕུང་པོ་གཅིག་འདུས་པའི།  ། ཟུར་ཕུད་ལྔ་ལྡན་མི་ཡི་ཟོལ་འཛིན་པ།  ། ཆེ་བ་དྲུག་ལྡན་སྔ་འགྱུར་བསྟན་པའི་བདག ། མི་ཕམ་ཕྱོགས་ལས་རྣམ་རྒྱལ་ལ་ཕྱག་འཚལ།  ། ལྔ་བདོའི་མུན་པ་འཁྲིགས་པའི་སྨག་ཁྲོད་འདིར།  ། རྒྱལ་བསྟན་ཉི་གཞོན་འདྲེན་པའི་སྐྱ་རེངས་ཆེ།  ། མ་ལུས་རྒྱལ་བ་ཀུན་གྱི་གསང་གསུམ་གར།  ། མཚུངས་མེད་བླ་མ་ཚེ་རབས་གཙུག་ཏུ་བསྙེན།  ། ཟབ་དོན་ལམ་གྱི་ཡོན་ཏན་མ་ནོར་པ།  ། སྨྲ་བའི་སྤོབས་པ་བདག་ལ་ཡོད་མིན་ཡང་།  ། འཇམ་མགོན་བླ་མའི་དགོངས་པ་ཇི་བཞིན་དུ།  ། རྗེས་སུ་བརྗོད་ལ་སྤོ་བ་རིང་ནས་བརྟས།  ། དེ་ལ་འདིར་སྟོན་མཆོག་ཐུབ་པའི་དབང་པོ་ཀུན་མཁྱེན་བུ་རམ་ཤིང་པ་དེ་ཉིད་ཀྱིས། དང་པོ་བསམ་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད།  བར་དུ་བསྐལ་ཆེན་དུ་མར་ཚོགས་བསགས།  མཐར་མངོན་པ་རྫོགས་པར་སངས་རྒྱས་ནས།  ཐུན་མོང་དང་ཐུན་མོང་མ་ཡིན་པའི་གདུལ་བྱ་རྣམས་ལ་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་དུ་བསྐོར་བ་ལས།  འདིར་བར་བ་མཚན་ཉིད་མེད་པའི་འཁོར་ལོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་སྡེ།  ཡུམ་སྲས་བཅུ་བདུན་སོགས་ཀྱི་དགོངས་པ་དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་འགྲེས་རྐང་བརྒྱ་རྩའི་རང་བཞིན་རྣམ་ཐར་གསུམ་ལྡན་དུ་བཞུགས་པ་དང་།  དེ་རྟོགས་པའི་ཡུལ་ཅན་མཁྱེན་པ་གསུམ་གྱི་རང་བཞིན་སྦས་དོན་མངོན་རྟོགས་ཀྱི་ཚུལ་དུ་བཞུགས་པ་དང་གཉིས་ལས།  འདིར་སྦས་དོན་མངོན་རྟོགས་ཀྱི་རིམ་པ།  རྒྱལ་བ་ཉིད་ཀྱི་རྒྱལ་ཚབ་སྐྱེ་བ་གཅིག་གིས་ཐོགས་པའི་བྱང་ཆུབ་སེམས་དཔའ་བྱམས་པ་མགོན་པོས་མཛད་པའི་བསྟན་བཅོས་ཆེན་པོ་མངོན་རྟོགས་རྒྱན་གྱི།  སྤྱིར་དངོས་པོ་བརྒྱད་དང་།  དེའི་ནང་གི་དབྱེ་བ་དོན་བདུན་ཅུར་རྣམ་པར་བཞག་པའི་ཚུལ་གྱིས།  ཐེག་པ་ཆེན་པོའི་ཟབ་ཅིང་རྒྱ་ཆེ་བའི་ལམ་གྱི་རིམ་པ་མ་ལུས་པ་ཚང་ཞིང་ཟློས་པ་མེད་པར་བསྟན་པ་ལས།  འདིར་འཇམ་མགོན་མི་པའི་དགོངས་པ་དྲི་མ་མེད་པ་གཙོ་བོར་ཉི་བཟུང་ནས།  དམ་པ་གཞན་ལུགས་ལ་སྡང་ཞུགས་ཀྱི་བསམ་པ་སྤངས་ཏེ།  སྐབས་བཞི་པ་རྣམ་རྫོགས་སྦྱོར་བ་མཚོན་བྱེད་ཀྱི་ཆོས་བཅུ་གཅིག་ལས་བརྒྱད་པ།  སྦྱོར་བ་སྒོམ་པའི་གང་ཟག་གི་དབང་དུ་བྱས་ཏེ་ཕྱིར་མི་ལྡོག་པའི་རྟགས་ཐོབ་པའི་ཁྱེད་པར་བཤད་པ་ལ།  རྟགས་ཀྱི་རྟེན་བཤད་པ་དང་།  བརྟེན་པ་རྟགས་ཀྱི་རྣམ་བཞག་བཤད་པ།  དེ་དག་གི་དོན་བསྡུ་བ་དང་གསུམ་ལས།  དང་པོ།  སྤྱིར་བྱང་ཆུབ་སེམས་དཔའ་ཡིན་པ་དང་།  ཕྱིར་མི་ལྡོག་པ་ཙམ་གྱིས་རྟགས་ཀྱི་རྟེན་དུ་མི་འགྱུར་ཞིང་།  རིགས་སད་པ་ཙམ་གྱིས་ཀྱང་ཕྱི་མི་ལྡོག་པའི་རྟགས་ཀྱི་རྟེན་ཉིད་དུ་མ་ངེས་སོ།  དེས་ན་བྱང་ཆུབ་སེམས་དཔའ་སྦྱོར་མཐོང་སྒོམ་གསུམ་ག་གནང་པ་ན་ཕྱིར་མི་ལྡོག་པའི་རྟགས་ཀྱི་རྟེན་དུ་གྱུར་པ་ཡིན་ནོ།  དེ་ཡང་མདོ་གས་རྣམ་པ་དང་རྟགས་དང་མཚན་མ་དེ་དག་ལྡན་པའི་བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པར་གཟུང་བར་བྱའོ་ཞེས་གསུངས་པ་དང་།  རྩ་བ་ལས།  ངེས་འབྱེད་ཡན་ལག་ནས་བཟུང་སྟེ།  མཐོང་དང་བསྒོམ་པའི་ལམ་དག་ལ།  བྱང་ཆུབ་སེམས་དཔའ་གང་དག་གནས།  དེ་འདིར་ཕྱིར་མི་ལྡོག་པའི་ཚོགས།  ཞེས་དང་།  ཉིད་སྣང་ལས།  བྱང་ཆུབ་སེམས་དཔའི་དགེ་འདུན་བརྗོད་པར་བྱ་བའི་གནས་སྐབས་གསུམ་དུ་འགྱུར་ཏེ།  ངེས་པར་འབྱེད་པའི་ཆ་དང་མཐུན་པས་བསྡུས་པ་སྦྱོར་བའི་ལམ་གྱི་གནས་སྐབས་དང་།  བཟོད་པ་དང་ཤེས་པས་བསྡུས་པ་མཐོང་བའི་ལམ་གྱི་གནས་སྐབས་དང་།  རྒྱུན་དང་ལྡན་པ་བསྒོམས་པའི་ལམ་གྱི་གནས་སྐབས་དེ་ཞེས་དང་།  རྒྱན་སྣང་ལས།  ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའི་དགེ་འདུན་བརྗོད་པར་བྱའོ།  དེ་ཡང་ངེས་པར་འབྱེད་པའི་ཆ་དང་མཐུན་བའི་ལམ་གྱི་གནས་སྐབས་དང་།  དེ་བཞིན་དུ་བཟོད་པ་དང་ཤེས་པས་བསྡུས་པའི་མཐོས་བའི་ལམ་ལ་གནས་པ་དང་།  གཞན་ཡང་རྒྱུན་དང་ལྡན་པའི་བསྒོམ་པའི་ལམ་ལ་གནས་པ་སྟེ་སྐབས་གསུམ་དུ་འགྱུར་རོ་ཞེས་དང་།  སྡུད་འགྲེལ་ལས།  ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའི་དགེ་འདུན་ཡིན་པར་བསྟན་ཏེ།  དེ་ཡང་སྦྱོར་བའི་ལམ་ནི་ངེས་པར་འབྱེད་པའི་ཆ་ལ་གནས་པའོ། དེ་བཞིན་དུ་མཐོང་བའི་ལམ་ལ་གནས་པ་དེ་ནི་ཆོས་ཤེས་པའི་བཟོད་པ་ལ་སོགས་པའོ།  རྒྱུན་གཞན་ནི་བསྒོམ་པའི་ལམ་ལ་གནས་པ་ཡིན་ནོ་ཞེས་གནས་སྐབས་དུ་མར་རྣམ་པར་བཞག་གོ་ཞེས་གསང་པ་འདི་དག་གིས་རྟེན་གྱི་གང་ཟག་བྱང་ཆུབ་སེམས་དཔའ་རྣམས་བསྟན་ཏོ།  དེ་ཡང་།  སྦྱོར་མཐོང་སྒོམ་གསུམ་གྱི་གནས་སྐབས་སུ་རྟགས་ཐོབ་ཚུལ་བཤད་པ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ལ་དབང་པོ་རྣོ་འབྲིང་རྟུལ་གསུམ་གྱི་ཁྱད་པར་ཡོད་པའི་གནད་ཀྱིས་མདོ་དང་བསྟན་བཅོས་ཆེན་པོ་རྣམས་སུ་དེ་ལྟར་གསུངས་པ་ཡིན་ཏེ།  ཅུང་ཟད་འོག་ཏུ་འབྱུང་ངོ་།  ། གཉིས་པ།    རྟགས་ཀྱི་རྣམ་བཞག་བཤད་པ་ལ།    ངོ་བོ།  དབྱེ་བ།   རྩོད་པ་སྤོང་བ་དང་གསུམ་ལས།   དང་པོ་སྐྱེ་མེད་ཀྱི་དོན་ལ་སྒོམ་བྱུང་གཙོ་བོར་གྱུར་པའི་མངོན་རྟོགས་ཀྱིས་བསྐྱེད་པའི་ལུས་ངག་གི་སྤྱོད་པ་ཁྱད་པར་ཅན་ནོ།  ། དེ་ཡང་ལམ་གྱི་གནས་སྐབས་ཀྱི་རྟགས་གོས་ལ་སོགས་པ་གཙང་བ་ལྟ་བུ་དེ་དག་བྱང་ཆུབ་སེམས་དཔའི་ནང་གི་བསམ་པ་ཁྱད་པར་ཅན་རང་དོན་ཞི་བ་དོན་གཉེར་གྱི་བློ་མངོན་གྱུར་ལོག་པའི་སྙིང་རྗེ་དང་།   ། སྦྱོར་བ་ཐབས་ཤེས་ཁྱད་པར་ཅན་གྱི་རྟོགས་པ་བརྟན་པོ་དང་འབྲེལ་པ་ཡིན་པས་རྟགས་སུ་ངེས་པར་འགྱུར་རོ་ཞེས་གསུངས།   ལུས་ངག་གི་སྤྱོད་པ་ཁྱད་པར་ཅན་ཞེས་པ།   དཔེར་ན།   དགེ་བའི་རྩ་བ་འཇིག་རྟེན་ཐམས་ཅད་ལས་མངོན་པར་འཕགས་པས་ལུས་ལ་སྲིན་བུའི་རིགས་བརྒྱད་ཁྲི་པོ་རྣམས་མི་འབྱུང་བ་ལུས་རྣམ་པར་དག་པ་དང་།   ཀུན་སྤྱོད་གཞན་ཕན་ལ་ཞུགས་པས་ཚིག་འཇམ་པོ་སྨྲ་བ་སོགས་ངག་རྣམ་པར་དག་པ་ཡིན་ནོ། །   དེ་ཡང་ལུས་ངག་གི་སྤྱོད་པ་ཞེ་འདོད་ཀྱི་རྗེས་སུ་བྱེད་པས་ནང་གི་རྣམ་པ་མཚོན་པའི་རྟགས་ཡིན་པར་གསུངས་བའི་ཕྱིར།   ། གཉིས་པ།   དབྱེ་བ་ལ་དངོས་དང་།    ཐོབ་ཚུལ་གྱི་རབ་དབྱེ་བཤད་པ་གཉིས་ལས།    དང་པོ།   དེ་ཡང་སྤྱིར་རྟགས་མང་དུ་ཡོད་མོད།   གདུལ་བྱ་ཉེ་བའི་བསམ་ངོར་དགོངས་ནས་སམ་ཡང་ན་མཚོན་བྱེད་ཉིད་དུ་སྦྱོར་མཐོང་སྒོམ་གསུམ་གྱི་དབང་དུ་བྱས་ཏེ་རྟགས་བཞི་བཅུ་རྩ་བཞི་གསུངས་སོ། །   དེའི་ཕྱིར་རྟགས་མང་དུ་ཡོད་ཀྱང་མདོར་བསྡུས་ཏེ་ཡུམ་རྒྱས་པ་རྣམས་སུ་སྦྱོར་ལམ་ཕྱིར་མི་ལྡོག་པའི་རྟགས་དྲོད་ལ་བཅུ་གཅིག       རྩེ་མོ་ལ་དྲུག    བཟོད་པ་ལ་གཉིས།   ཆོས་མཆོག་ལ་གཅིག་སྟེ་བསྡོམས་པས་དངོས་བསྟན་ཉི་ཤུ་ཉིད་དུ་མཛད་པ་དང་།     སྡུད་པ་ལས་དངོས་ཤུགས་ཅི་རིགས་པའི་སྒོ་ནས་ཉི་ཤུ་ཉིད་དུ་མཛད་དོ། །   མཐོང་ལམ་ལ་རྟགས་བཅུ་དྲུག་བསྟན་པ་དང་དེ་དག་ཡུམ་རྒྱས་པ་རྣམས་སུ་བསྟན་ཚུལ་དང་སྡུད་པ་ལས་བསྟན་ཚུལ་གོ་རིམ་མི་འདྲ་པ་ཅུང་ཟད་ཡོད་ཀྱང་དོན་ལ་ཁྱད་པར་མེད་པ་ཡིན་ནོ།  ། སྒོམ་ལམ་ལ་ཕྱིར་མི་ལྡོག་པའི་རྟགས་ཟབ་མོ་བརྒྱད་ལྡན་གྱི་ཆོས་ཉིད་རྟོགས་ཚུལ་གྱིས་བསྟན་ཏོ།   ། དེ་དག་བསྟན་བཅོས་འདིས་གཟུགས་སོགས་ལ་བདེན་ཞེན་མངོན་གྱུར་ལྡོག་པ་སྐྱབས་གསུམ་ལ་ཐེ་ཚོམ་མངོན་གྱུར་མི་སྐྱེ་བ་སོགས་དྲོད་ལ་གནས་པ་ཕྱིར་མི་ལྡོག་པའི་རྟགས་བཅུ་གཅིག་དང་ལུས་ལ་སྲིན་བུའི་རིགས་བརྒྱད་ཁྲི་མི་འབྱུང་བ་སོགས་དྲུག་རྩེ་མོ་པའི་རྟགས་དང་།    ལམ་ལས་གཞན་གྱིས་དྲང་མི་བཏུབ་པ་དང་ལམ་གཞན་བཅོས་མ་སྟོན་པའི་བདུད་ལ་བདུད་དུ་ཤེས་པ་གཉིས་བཟོད་པ་དང་།   ཀུན་སྤྱོད་ཐམས་ཅད་དུ་སངས་རྒྱས་དགྱེས་པའི་སྤྱོད་པ་ལ་གནས་པ་ཆོས་མཆོག་པའི་རྟགས་ཏེ་གཅིག་ཏུ་བསྡོམས་པས་སྦྱོར་ལམ་ཕྱིར་མི་ལྡོག་པའི་རྟགས་ཉི་ཤུ་དངོས་སུ་བསྟན་པ་ཡིན་ནོ། །   མཐོང་ལམ་ལ་ཤེས་བཟོད་ཀྱི་ཡེ་ཤེས་སྐད་ཅིག་མ་བཅུ་དྲུག་ནི་མཐོང་ལམ་པ་ཕྱིར་མི་ལྡོག་པའི་རྟགས་སུ་གསུངས་བ་ཡིན་ནོ། །   སྒོམ་ལམ་ལ་ཟབ་མོ་བརྒྱད་ལྡན་གྱི་ཆོས་ཉིད་རྟོགས་པ་ནི་སྒོམ་ལམ་པ་ཕྱིར་མི་ལྡོག་པའི་རྟགས་སུ་གསུངས་པ་ཀུན་གདུལ་བྱ་ཉེ་བའི་བསམ་ངོར་ལྟོས་ནས་སམ་མཚོན་བྱེད་ཙམ་ཡིན་གྱི་གྲངས་ངེས་པར་མཛད་པའི་རྣམ་བཞག་མ་ཡིན་པའི་གནད་དེ་དག་གོང་བཞིན་ཡིན་ཏེ།    གཞན་དོན་ཀུར་གྱིས་བཞེས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་ཐབས་ཤེས་ཀྱི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་ཡོད་པས། དེ་ལས་སྐྱེས་པའི་ལུས་ངག་གི་སྤྱོད་པ་ཁྱད་པར་ཅན་དག་ཀྱང་བསམ་གྱིས་མི་ཁྱབ་པ་ཡོད་པའི་ཕྱིར།    དེ་ཡང་མདོ་ལས།   ཡོན་ཏན་ཆེན་པོ་དང་ལྡན་པའོ། །    ཡོན་ཏན་གཞལ་དུ་མ་མཆིས་པ་དང་ལྡན་པའོ། །  ཡོན་ཏན་དཔག་ཏུ་མ་མཆིས་པ་དང་ལྡན་པའོ་ཞེས་སོ།  ། ཁ་ཅིག་གིས་སྒོམ་བྱུང་གཙོ་བོར་གྱུར་པའི་ཐབས་ཤེས་ལ་བརྟེན་ནས་བྱུང་བའི་ལུས་ངག་གི་སྤྱོད་པ་ཁྱད་པར་ཅན་བསམ་གྱིས་མི་ཁྱབ་པ་ཡོད་མོད།  དེ་དག་ཕྱིར་མི་ལྡོག་པའི་རྟགས་མ་ཡིན་ནོ་སྙམ་ན།  མ་ཡིན་ཏེ།   སྒོམ་བྱུང་གཙོ་བོར་གྱུར་པའི་ཐབས་ཤེས་ལས་བྱུང་བའི་ལུས་ངག་གི་སྤྱོད་པ་ཁྱད་འཕགས་འགའ་ཞིག་གཞན་ངོར་ཕྱིར་མི་ལྡོག་པའི་རྟགས་ཡིན་ལ།   འགའ་ཞིག་མ་ཡིན་པ་ལ་ཚུལ་དང་མཐུན་པའི་ལུང་རིགས་ཀྱི་སྒྲུབ་བྱེད་མེད་པས་སོ། །   དེའི་ཕྱིར་མ་ཕམ་ཞལ་ལུང་ལས་སྦྱོར་བ་ཐབས་ཤེས་ཁྱད་པར་ཅན་གྱི་རྟོགས་པ་བརྟན་པོ་དང་འབྲེལ་བ་ཡིན་པ་ལས་རྟགས་སུ་ངེས་པར་འགྱུར་རོ་ཞེས་དང་།   དེ་ཡང་རྟགས་མང་དུ་ཡོད་ཀྱང་མདོར་བསྡུས་ཏེ་ཡུམ་གཞན་དུ་སྦྱོར་ལམ་ཕྱིར་མི་ལྡོག་པའི་རྟགས་ཉི་ཤུ་མཐོང་ལམ་གྱི་རྟགས་བཅུ་དྲུག་སྒོམ་ལམ་པའི་ཟབ་མོ་བརྒྱད་ལྡན་གྱི་ཆོས་ཉིད་རྟོགས་པ་རྣམས་སུ་ཡོད་པར་གསུངས་པས།   རྟགས་མང་དུ་ཡོད་པ་དང་འདིར་བསྟན་གདུལ་བྱ་ཉེ་བའི་བསམ་ངོར་ལྟོས་པའམ་མཚོན་བྱེད་ཙམ་དུ་ཡིན་པ་འབད་མེད་དུ་གྲུབ་པ་ལ་སུ་ཞིག་ཚོམ།   གཉིས་པ་ཐོབ་ཚུལ་གྱི་རབ་དབྱེ་བཤད་པ་ལ།    ཁ་ཅིག་གིས་དབང་པོའི་རིམ་པས་འཇོག་ན་མི་འཐད་དེ།  སེམས་དཔའ་ཕ་རོལ་པོ་ཕྱིར་མི་ལྡོག་པ་བསྒྲུབ་པའི་སྒྲུབ་བྱེད་ཡོད་ན་རྟགས་མ་ཐོབ་པ་འགལ་ཞིང་།   མེད་ན་དམ་བཅའ་ལྟར་སྣང་ཉིད་དུ་འགྱུར་རོ་ཞེས་དང་།   རྟགས་ཀྱི་གཙོ་བོ་སྙིང་རྗེ་ཆེན་པོ་དང་ཟུང་དུ་འཇུག་པའི་སྟོང་ཉིད་ལ་སྒོམ་བྱུང་གཙོ་བོར་གྱུར་པའི་མཉམ་བཞག་ཡིན་ལ།   དེ་མ་ཐོབ་པའི་བྱང་སེམས་སྦྱོང་མཐོང་སྒོམ་གསུམ་ལ་གནས་པ་མི་སྲིད་པའི་ཕྱིར་རོ་ཞེས་དང་།   རྣལ་འབྱོར་པ་རྣམས་ཀྱི་རྗེས་ཐོབ་ཞེས་སོགས་བཀོད་ནས་དེས་ན་སྦྱོར་མཐོང་སྒོམ་གསུམ་ལ་གནས་པ་ཐམས་ཅད་ཀྱིས་ཕྱིར་མི་ལྡོག་པའི་གཏམ་ཚིགས་ཐོབ་སྟེ།   སྐབས་འདིར་བསྟན་པའི་གཏན་ཚིགས་གང་རུང་གཅིག་མ་ཐོབ་པའི་སྦྱོར་མཐོང་སྒོམ་གསུམ་ལ་གནས་པའི་བྱང་སེམས་མེད་པ་གང་ཞིག    རེ་རེས་ཀྱང་ཕྱིར་མི་ལྡོག་ཏུ་སྒྲུབ་ནུས་པའི་ཕྱིར་རོ་ཞེས་ཟེར་རོ། །   དགོས་དབང་ལས་འཐད་པར་མ་མཐོང་སྟེ།  དང་པོ་ལ་འོ་ན་ཚོགས་ལམ་ལ་གནས་པའི་ཕྱིར་མི་ལྡོག་པའི་རྟགས་ཐོབ་པའི་བྱང་སེམས་ཡོད་པར་ཐལ།   ཐེག་ཆེན་རིགས་ངེས་ཀྱི་གང་ཟག་དེ་ཡིན་པའི་ཕྱིར།   རྟགས་ཚད་མ་ཁྱབ་པ་ཁས་བླང་གིས་གྲུབ་བོ།    ། གཉིས་པ་དག་པ་གཉིས་ལྡན་གྱི་རྣམ་མཁྱེན་ཕྱིར་མི་ལྡོག་པའི་རྟགས་ཡིན་པར་ཐལ།   དམ་བཅའ་འཐད་པའི་ཕྱིར།   འདོད་ན་སློབ་པ་ཕྱིར་མི་ལྡོག་པའི་ཚོགས་ཞེས་རྩ་འགྲེལ་དང་འགལ་ལོ། །   གསུམ་པ་རྟགས་དང་པོ་མ་གྲུབ་པ་དང་།   གཉིས་པ་ལ་མ་ངེས་པའི་ལན་ཐེབས་སོ། །  གང་ཟག་དེ་ཕྱིར་མི་ལྡོག་པར་འཇོག་བྱེད་ཡོད་ན་འདིར་བསྟན་ཕྱིར་མི་ལྡོག་པའི་རྟགས་ཡོད་པས་མ་ཁྱབ་བོ།  །   དེས་ན་སྤྱིར་སློབ་པ་བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པར་ངེས་ཀྱང་།    རྟགས་ཐོབ་པས་མ་ཁྱབ་སྟེ།  ཐོག་མ་ཉིད་ནས་ལམ་མ་གོལ་བ་འབྲས་བུ་བྱང་ཆུབ་ཆེན་པོའི་སར་འགྲོ་བ་ཡོད་པའི་ཕྱིར།   དཔེར་ན་སྟོན་པ་ཐུགས་རྗེ་ཅན་ཐོག་མ་ཉིད་ནས་ལམ་མ་གོལ་བར་འབྲས་བུ་བྱང་ཆུབ་ཆེན་པོ་རུ་ཕྱིན་པ་མདོ་སྡེ་རྣམས་ལས་གསུངས་པ་བཞིན་ནོ། །   དེ་ཡང་ཚོགས་ལམ་ནས་རྟགས་མ་ཐོབ་པ་ལ་གོ་དགོས་ཀྱི་སྤྱིར་སྟོན་པ་ཐུགས་རྗེ་ཅན་ལ་ཕྱིར་མི་ལྡོག་པའི་རྟགས་གཏན་མ་ཐོབ་སྙམ་ན།  མ་ཡིན་ཏེ།  སྦྱོར་ལམ་ནས་ཕྱིར་མི་ལྡོག་པའི་རྟགས་ཐོབ་པའི་ཕྱིར།   ཅིའི་ཕྱིར་ཞེ་ན་དབང་པོ་རྣོན་པོ་ཡིན་པ་མདོ་དང་བསྟན་བཅོས་རྣམས་ལས་གསུངས་པས་སོ། །   བྱང་སེམས་དབང་རྣོན་ཡིན་ན་ཚོགས་ལམ་ནས་ལམ་གཞན་དུ་མ་གོལ་བར་འབྲས་བུ་བྱང་ཆུབ་ཆེན་པོའི་སར་འགྲོ་བ་མདོ་དང་བསྟན་བཅོས་ཆེན་པོ་རྣམས་དང་མཐུན་པར་རང་ལུགས་ཀྱི་དགོངས་པ་དྲི་མ་མེད་པ་ཡིན་ཏེ།  །   དེ་ཡང་མ་ཕམ་ཞལ་ལུང་ལས།    སྤྱིར་དབང་རྣོན་ཚོགས་ལམ་ནས་མ་གོལ་བར་འགྲོ་བ་ཡོད་པས།   དེ་དུས་ནས་ཀྱང་ཕྱིར་མི་ལྡོག་པ་ཡོད་ལ།   ཁྱད་པར་ཐེག་པ་ཆེན་པོའི་ལམ་གྱི་རྩེ་མོའམ་བཟོད་པ་ཐོབ་ནས་ཕྱིར་མི་ལྡོག་པར་ངེས་ཀྱང་འདིར་ཕྱིར་མི་ལྡོག་པའི་རྟགས་ལས་ཕྱིར་མི་ལྡོག་པར་ངེས་ནུས་པ་ལས་བཞག་སྟེ།   རང་གཞན་གྱི་རྟགས་ཀྱི་སྒོ་ནས་ངེས་མ་ནུས་ན་དོན་ལ་ཕྱིར་མི་ལྡོག་ཀྱང་ཕྱིར་མི་ལྡོག་པར་འཇོག་བྱེད་མ་རྙེད་པས་དེའི་མིང་མི་ཐོབ་བོ་ཞེས་དང་།   ཟླ་བྲལ་ངག་གི་དབང་ཕྱུག་གི་དམ་བཅའ་རིག་སྟོང་འཇམ་དཔའ་བཞད་པའི་རང་སྒྲ་ལས།   སེམས་བསྐྱེད་རྒྱུད་ལྡན་ལས་ཀྱི་གཞན་དབང་གིས།  །   ངན་འགྲོའི་གནས་སུ་ནམ་ཡང་མི་སྐྱེ་ཞེས། །  ཆོས་མཐུན་གྲོགས་ཀྱི་བློ་སྟོབས་ཆེ་ཆུང་གི།   རིགས་པའི་དྲོད་ཚད་ཉུལ་བ་ཙམ་དུ་སྨྲས། །  ཞེས་གསུངས་སོ། །  དེ་བས་ན་བྱང་སེམས་དབང་རྣོན་སྦྱོང་ལམ་ནས་དང་། །  དབང་རྟུལ་སྒོམ་ལམ་ནས་ཕྱིར་མི་ལྡོག་པའི་རྟགས་ཐོབ་པ་ཡིན་ནོ། །  དེ་ཡང་བྱང་ཆུབ་སེམས་དཔའ་རྣམས་ལ་དབང་པོ་རྣོ་འབྲིང་རྟུལ་གསུམ་ཡོད་པ་དང་།   དེ་བཞིན་དུ་བྱང་ཆུབ་ཆེན་པོ་ཐོབ་པ་ལ་བསྐལ་ཆེན་གྲངས་མེད་གསུམ་དང་བདུན་དང་སོ་གསུམ་གྱི་ཚོགས་བསགས་དགོས་པའི་ཁྱད་པར་ཡོད་ཚུལ་གྱི་རྣམ་བཞག་དབང་པོའི་སྒོ་ནས་འཇོག་པར་འཐད་དོ། །   དེ་མཚུངས་སྐབས་འདིར་བསྟན་གྱི་ཕྱིར་མི་ལྡོག་པའི་རྟགས་ཀྱི་རྣམ་བཞག་ལ་ཡང་དབང་པོ་རིམ་པས་ཐོབ་དཀའ་སླའི་སྒོ་ནས་འཇོག་ན་མདོ་དང་བསྟན་བཅོས་ཆེན་པོ་རྣམས་ཀྱི་དགོངས་པ་བླ་ན་མེད་པ་ཡིན་པས་གཞན་དུ་འཆད་པར་མི་བྱའོ། །  གྲངས་མེད་གསུམ་ཚོགས་བསགས་དགོས་ཞེས་བཤད་པ་ནི།  ཡུན་ཚོད་དེ་འདྲ་ཞིག་ལ་བསགས་དགོས་པ་ཉིད་དུ་མི་འཆད་དེ།   དེ་ཉིད་ལས།  གྲངས་མེད་གསུམ་སོགས་ཚོགས་གཉིས་བསགས་དགོས་པའི།  ། བྱང་སེམས་དེ་འདྲ་ནམ་མཁའི་པདྨོའི་གྲོགས། །   རྟ་མཆོག་ལྡན་པས་གླིང་བཞི་ཞག་གཅིག་གིས། །   བསྐོར་བར་དགོས་ན་ནུད་དེ་འགྲོ་འམ་ཅི། །  ཞེས་གསུངས་སོ། །   དེ་ཡང་མ་ཕམ་ཞལ་ལུང་ལས།   དེས་ན་དབང་རྣོན་དྲོད་ནས་དང་།   འབྲིང་པོ་མཐོང་ལམ།      དབང་པོ་ཇི་ལྟར་རྟུལ་ཡང་ས་བརྒྱད་པ་ནས་རྟགས་ཐོབ་ངེས་པས་ན།  དྲོད་ནས་ས་བརྒྱད་པའི་བར་གྱི་རྟགས་དེ་དག་བཤད་དོ་ཞེས་དང་།   མདོ་ལས།   བཅོམ་ལྡན་འདས་གང་ཞིག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གནས་པ་འདིས་གནས་པའི་བྱང་ཆུབ་སེམས་དཔའ་དེ་གང་ནས་ཤི་འཕོས་ནས་འདིར་སྐྱེས་པ་ལགས།   འདི་ནས་ཤི་འཕོས་ནས་ནི་དབང་པོ་རྣོན་པོ་གང་དུ་སྐྱེ་བར་འགྱུར་ཞེས་བྱའོ། །  དེ་ཉིད་ཀྱི་དོན་འཕགས་པ་རྣམ་གྲོལ་སྡེས།  དེ་ལ་གང་ལམ་ཤེས་པ་ཉིད་ལ་མཐོང་བའི་ལམ་སྐད་ཅིག་མ་བཅུ་དྲུག་འཆད་པར་འགྱུར་བ་གང་ཡིན་པའི་སྐད་ཅིག་མ་བཅུ་དྲུག་པོ་རྣམས་ལ་བྱང་ཆུབ་སེམས་དཔའ་དབང་པོ་རྟུལ་པོར་གྱུར་པ་གང་ཡིན་པ་དེ་ནི་དད་པའི་རྗེས་སུ་འབྲང་བའི་ཕྱིར་རོ་ཞེས་བརྗོད་དེ།   དད་པའི་ལམ་དེའི་རྗེས་སུ་འབྲང་བའི་ཕྱིར།   དབང་པོ་རྣོན་པོ་གང་ཡིན་པ་དེ་ནི་ཆོས་ཀྱི་རྗེས་སུ་འགྲོ་བ་ཡིན་ཏེ།   ཤེས་རབ་ཀྱི་ལམ་དེའི་རྗེས་སུ་འབྲང་བའི་ཕྱིར་རོ་ཞེས་སོགས་གསུངས་པ་དང་།   རྩ་བ་ལས།   རྫོགས་པའི་བྱང་ཆུབ་རྣོན་པོ་ཡིས། །  རྟོགས་སླ་རྟུལ་པོའི་རྟོགས་དཀའ་བཞེད། །  ཅེས་དང་།   དེ་ཉིད་ཀྱི་དོན་ཀུན་མཁྱེན་བོད་པས་བྱང་ཆུབ་སེམས་དཔའ་ལ་དངོས་སུ་སྦྱར་བར་མཛད་པ་དང་།   ཉི་སྣང་ལས།   ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་བཀོལ་བ་ནི་དབང་པོ་རྣོན་པོའི་ལམ་གྱིས་ས་དེ་ཐོབ་པ་ཡིན་པས་ཕྱིར་རོ་ཞེས་དང་།   རྒྱན་སྣང་ལས་ལ་ལ་རིགས་མ་ངེས་པ་ཡིན་ཡང་དབང་པོ་རྣོ་བས་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་གནས་སྐབས་ཡང་ཐབས་ཀྱི་ཁྱད་པར་བསམ་གྱིས་མི་ཁྱབ་པས་ཕྱིར་མི་ལྡོག་པ་ཉིད་དུ་ངེས་པ་ཡིན་ནོ།   ། ཞེས་གསུངས་པ་འདི་དག་ནི་བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པའི་རྟགས་ཐོབ་ཚུལ་དབང་པོའི་རིམ་པས་འཇོག་པ་ལ་གནད་གལ་པོ་ཆེ་ཞིག་ཏུ་ཤེས་པར་བྱའོ། །   ས་བརྒྱད་པ་སོགས་ཕྱིར་མི་ལྡོག་པའི་ས་ཞེས་བཤད་པའང་དེ་ཡན་ཆད་དབང་པོ་ཇི་ལྟར་རྟུལ་རུང་ཕྱིར་མི་ལྡོག་པའི་རྟགས་ཐོབ་ངེས་པའི་རྒྱུ་མཚན་གྱིས་ཀྱང་འཇོག་པའི་ཚུལ་རྟོགས་དགོས་སོ། །   དེ་ཡང་བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པ་ཙམ་གྱིས་རྟགས་ཐོབ་པའི་མ་ཁྱབ་པ་དང་།   དབང་རྣོན་སྦྱོར་ལམ་དབང་འབྲིང་མཐོང་ལམ་དབང་རྟུལ་སྒོམ་ལམ་ནས་ཕྱིར་མི་ལྡོག་པའི་རྟགས་ཐོབ་ཚུལ་མེ་ཏོག་ལྷར་བབ་པའི་ལྷ་སྐལ་ཀུན་མཁྱེན་མི་ཕམ་རྒྱ་མཚོ་དང་རྒྱན་གྱི་དགོངས་པ་འགྲེལ་བ་ལ་ཚད་མར་གྲགས་པ་འཕགས་སེང་གཉིས་སོགས་ཀྱི་དགོངས་པ་བཞིན་སྨྲ་ན་སྐལ་བ་དང་ལྡན་པ་ཡིན་ཏེ།   ཀུན་མཁྱེན་མི་ཕམ་པས།   གཞན་དུ་སྦས་པ་འདི་ནི་མངོན་བསྟན་ཕྱིར། །   རྙེད་དཀའི་ཆོས་མཆོག་འདི་རྣམས་ལེགས་བཟུང་ན། །  ཟབ་ཅིང་རྟོགས་པར་དཀའ་བ་ཡིན་མོད་ཀྱི། །   རྟོགས་ན་དོན་ཆེ་འདི་དང་མཚུངས་གཞན་མེད། །  ལེགས་ལེགས་འགྲིགས་འགྲིགས་འདྲ་བའི་ཁས་ལེན་འགའ། །  རྟོགས་སླ་ཡིན་ཡིན་འདྲ་ཡང་ཕུག་བརྟག་ན། །  བྱིས་པ་མགུ་བར་བྱེད་པའི་ངང་ཚུལ་ལས། །   རིང་ཁུལ་མི་བཟོད་བྱེ་མའི་ཆང་བུ་འདྲ། །  མཐར་ཐུག་དཔྱོད་པའི་རིགས་པས་གྲུབ་པ་ཡི། །  ཟབ་དོན་རྡོ་རྗེའི་གསང་བཤད་འདི་དག་ལ། །  ངེས་པ་སྐྱེས་ན་ནམ་མཁའ་ཇི་སྲིད་དུ། ། ཕ་རོལ་རྒོལ་བས་ནམ་ཡང་བསྐྱོད་མི་ནུས། །  སྔ་འགྱུར་ཆོས་མཛོད་ནོར་བུས་གླིང་སྐྱེས་ཀྱང་། །   ནོར་སྐལ་ཆད་འགའ་གཞན་ཟེར་འཆིང་བུ་ལེན། །  རང་གི་ཆོས་ལ་ཐེ་ཚོམ་ཟ་བྱེད་པ། །  ལྷ་སྐལ་ཆད་པས་འབྱུང་པོ་སྒྲུབ་དང་མཚུངས། །  སྐལ་བ་མཆོག་གྱུར་ངེས་པའི་བློ་ལྡན་རྣམས། །  ཀུན་རྟོགས་འཕེལ་བའི་སྣ་མང་མི་ཚོལ་ཞིང་། །  བརྒྱུད་པའི་མན་ངག་བདུད་རྩིའི་བཅུད་མཆོག་ལ། །   རང་ནུས་ཇི་བཞིན་སྤྱོད་པས་ངོམས་པར་འགྱུར། །  ཞེས་གསུངས་པ་བཞིན་ནོ། །  རྟགས་འདི་དག་རང་གཞན་གང་གི་ངོར་བཞག་དགོས་སྙམ་ན།   མ་ཕམ་ཞལ་ལུང་ལས།   དེ་དང་རྗེས་སུ་མཐུན་པའི་ལུས་ངག་གི་ཐ་སྙད་ནི་གཞན་ངོར་ཕྱིར་མི་ལྡོག་པའི་རྟགས་ཡིན་པར་གཞུང་རྣམས་ལས་གསུངས་ཤིང་།  རྟགས་འདི་རྣམས་གཞན་ངོ་ཁོ་ནར་མ་ཟད་རང་ཉིད་ཀྱི་ཡིད་ཆེས་པའང་ཡོད་པར་མངོན་ནོ།   ། ཞེས་གསུངས་པ་བཞིན་སྔར་ཚོགས་ལམ་དུ་ཁྱབ་འབྲེལ་ཐོས་བསམ་གྱིས་ངེས་པ་མ་བརྗེད་པར་ཡོད་པ་ལ་ཕྱིས་ཕྱོགས་ཆོས་རང་ལ་མྱོང་བས་གྲུབ་པ་ན།  ཁོ་བོ་རྫོགས་བྱང་ལས་ཕྱིར་མི་ལྡོག་པ་ཡིན་ནོ་སྙམ་དུ་ངེས་ཤེས་སྐྱེས་པའི་སྒོ་ནས།   གློ་བུར་བའི་རྟགས་ཡང་དག་ཏུ་འགྱུར་བའང་སྲིད་མོད་ཀྱི།  འདིར་བསྟན་རྟགས་ཞེ་བཞི་པོ་གཙོ་བོ་གཞན་ངོར་འཇོག་དགོས་ཏེ།   འགྲེལ་ཆུང་ལས།  རྣལ་འབྱོར་པ་རྣམས་ཀྱིས་ཐ་སྙད་ནི་སེམས་ཅན་འདུལ་བའི་དགོས་པའི་དབང་མ་གཏོགས་པར་ཐམས་ཅད་དུ་རྟོགས་པ་དང་མཐུན་པ་ཁོ་ན་ཡིན་ནོ་ཞེས་ཤེས་པར་བྱ་བའི་ཕྱིར་ཉེ་བར་བཏགས་ནས་བཤད་དེ།   དེ་ལྟར་མ་ཡིན་ན་རྣལ་འབྱོར་པའི་རྒྱུད་ལ་སོ་སོ་རང་གིས་རིག་པའི་སྐད་ཅིག་མ་རྣམས་ཇི་ལྟར་གཞན་ཡིད་ཆེས་པར་བྱེད་པའི་མཚན་ཉིད་དག་ཡིན།  ཞེས་དང་།   ཚིག་གསལ་ལས།  རང་གི་རྒྱུད་ངེས་པའི་རྒྱུ་མཚན་གཙོ་བོ་མཛད་པ་ཞིག་ན།   ཐར་བའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་འདི་ཡང་ཕྱིར་མི་ལྡོག་པར་བརྗོད་མོད་མིན་ཀྱི་རང་གི་རྟོགས་པ་དང་འཚམ་པར་གཞན་ཡིད་ཆེས་པར་བྱེད་པའི་ཡོན་ཏན་རྣམས་འདི་ལ་མེད་པས་ན།  ཞེས་དང་།   རྟོགས་པར་དཀའ་བའི་སྣང་བ་ལས།  ཤེས་པའི་སྐད་ཅིག་མ་རྣམས་ཇི་ལྟར་གཞན་ཡིད་ཆེས་པར་བྱེད་ཞེས་བྱ་བ་སྒོམ་པ་པོ་ལས་གཞན་པ་དག་གི་ཤེས་པའི་མཚན་ཉིད་ཡིན་པ་མི་འཐད་དེ།  རང་གིས་རིག་པ་ནི་གཞན་གྱིས་རིག་པ་མ་ཡིན་ཏེ་རང་གིས་རིག་པ་ཉིད་མི་འཐད་པའི་ཕྱིར་རོ། །    ཞེས་དང་།   མ་ཕམ་ཞལ་ལུང་ལས།   མཐོང་ལམ་ལ་ཤེས་བཟོད་ཀྱི་ཡེ་ཤེས་སྐད་ཅིག་བཅུ་དྲུག་ནི་མཐོང་ལམ་པ་ཕྱིར་མི་ལྡོག་པའི་རྟགས་སུ་གསུངས་པ་ནི།    མཐོང་ལམ་གྱི་ཡེ་ཤེས་རང་ཉིད་མིན་ཏེ་སྣང་དུ་མི་རུང་པའི་ཕྱིར་རོ། །   ཞེས་དང་།  མདོ་སྔགས་བསྟན་པའི་ཉི་མའི་མ་ཕམ་ཞལ་ལུང་ལས་ཀྱང་།  སྐབས་འདིའི་རྟགས་སྦྱོར་རྣམས་ནི་གཙོ་བོ་གཞན་ངོར་ཕྱིར་མི་ལྡོག་པ་སྒྲུབ་པའི་འབྲས་རྟགས་སུ་ཤེས་པར་བྱའོ། །  ཞེས་གསུངས་པ་འདི་དག་གིས་གཙོ་བོ་གཞན་ངོར་འཇོག་པའི་ཚུལ་འབད་མེད་དུ་གྲུབ་པ་ཞིག་ལགས།  གཞན་དེ་ཡང་གྲུབ་ཟིན་མ་ཡིན་པ་ཞིག་ཡིན་དགོས་ཏེ།  གྲུབ་ཟིན་ལ་བསྒྲུབ་ཅི་དགོས།   གཞན་ངོར་རྟགས་སུ་འགྱུར་བ་དེ་དག་ཀྱང་ལུས་ངག་སོགས་ཀྱི་མཚན་མ་ལས་ཐབས་ཤེས་ཀྱི་མངོན་རྟོགས་མ་ཡིན་པར་གོ་དགོས་ཏེ།   སློབ་དཔོན་གྱི་འགྲེལ་ཆུང་དང་ཆོས་བཤེས་ཀྱི་ཚིག་གསལ་གསེར་གླིང་པའི་རྟོགས་སྣང་རྣམས་ལས་གསལ་བོར་གསུངས་མོད་གོང་དུ་བཀོད་ཟིན་པ་དེ་ཡིས་རྟོགས་ནུས་པས་སླར་ཡང་འདིར་ངལ་བར་མི་བྱའོ། །  བྱང་ཆུབ་སེམས་དཔའི་ཐུགས་རྒྱུད་ན་བཞུགས་པའི་མངོན་རྟོགས་དེ་དག་སྐབས་འདིར་བསྟན་པའི་ཕྱིར་མི་ལྡོག་པའི་རྟགས་ཀྱི་རྒྱུ་ཡིན་པར་བཤད་པ་དང་། །   འདིར་བསྟན་གྱི་རྟགས་རྣམས་འབྲས་བུ་ཡིན་པར་བཤད་པ་ནི་གཞུང་ལུགས་དྲི་མ་མེད་པ་དེ་དག་ལ་ཅུང་ཟད་ངལ་བ་བྱས་ན་ཚུལ་འདི་མ་ཡིན་་སྙམ་པའི་ཐེ་ཚོམ་གྱི་དྲི་མ་རང་གྲོལ་དུ་འགྱུར་རོ། །   མ་ཟད་མ་ཕམ་ཞལ་ལུང་ལས།   མཐོང་ལམ་ལ་ཤེས་བཟོད་ཀྱི་ཡེ་ཤེས་སྐད་ཅིག་མ་བཅུ་དྲུག་ནི་མཐོང་ལམ་ཡེ་ཤེས་རང་ཉིད་མིན་ཏེ་གཞན་ལ་རྟགས་སུ་སྣང་དུ་མི་རུང་བའི་ཕྱིར་རོ། །  འོ་ན་གང་ཞེ་ན།   རྒྱུ་མཉམ་བཞག་གི་ཡེ་ཤེས་འབྲས་བུ་རྗེས་ཐོབ་ན་འབྱུང་བའི་རྟགས་ཁྱད་པར་ཅན་རྣམས་སོ། །  དེ་ལ་ཡེ་ཤེས་བཅུ་དྲུག་གི་མིང་གིས་བཏགས་པ་ནི་རྒྱུ་མིང་འབྲས་བུ་ལ་བཏགས་པ་ཡིན་ལ་ཞེས་གསུངས་པ་འདི་དང་།   དེ་དག་མདོར་ན་སྲོག་གནད་ལ་མཚོན་དང་ནད་ལ་སྨན་ཐེབས་པ་བཞིན་སྦྱོར་མཐོང་སྒོམ་གསུམ་ལ་གནས་པའི་ཕྱིར་མི་ལྡོག་པའི་རྟགས་དེ་རྣམས་མངོན་པར་རྟོགས་པའི་ཡེ་ཤེས་ལ་མི་འཇོག་པ་དང་།  དེ་ལས་སྐྱེས་པའི་ལུས་ངག་སོགས་ཀྱི་མཚན་མ་ཁྱད་པར་ཅན་ལ་འཇོག་དགོས་པའི་གནད་ཐུན་མོང་མ་ཡིན་པ་ཉིད་དུ་ཤེས་པར་བྱའོ། །  ཚུལ་འདི་དག་མཐོང་ལམ་ཕྱིར་མི་ལྡོག་པའི་རྟགས་བཤད་པའི་སྐབས་ཡིན་པས་མཐོང་ལམ་ལ་དེ་ལྟར་ངེས་ཀྱང་གཞན་གཉིས་ལ་དེ་ལྟར་མ་ངེས་སོ་སྙམ་ན།   མ་ཡིན་ཏེ་འདི་ནི་བར་བ་གསལ་བྱེད་ཉིད་དུ་འཇོག་པ་ལ་ཚུལ་དང་མཐུན་པའི་འཐད་ལྡན་ལུང་རིགས་ཀྱི་གནོད་བྱེད་མ་དམིགས་སོ། །   དེར་མ་ཟད་འགྲེལ་ཆུང་ལས།  དེའི་འོག་ཏུ་སྒོམ་པའི་ལམ་ལ་གནས་པའི་ཕྱིར་མི་ལྡོག་པའི་མཚན་ཉིད་ཡིན་པ་ལས།  ལུགས་ལས་ཁྱད་པར་མ་བཟུང་བར་ཁྱད་པར་ཅན་གྱི་བློ་མི་སྐྱེའོ་ཞེས་འབྱུང་བའི་ཕྱིར་རེ་ཞིག་སྒོམ་པའི་མལ་གྱི་ཁྱད་པར་ཞེས་གསུངས་པས་ཀྱང་གྲུབ་བོ། །   གཞན་ཡང་དུ་བའི་རྒྱུ་དུ་བ་མ་ཡིན་པ་བཞིན་ཕྱིར་མི་ལྡོག་པའི་རྟགས་ཀྱི་རྒྱུ་ཕྱིར་མི་ལྡོག་པའི་རྟགས་མ་ཡིན་ནོ། །  དེ་ལྟར་བཤད་ན་བདེ་གཤེགས་སྤྱི་ལུགས་དང་མཐུན་པར་ངེས་སོ། །  མ་ཟད་རྟགས་འབྲས་རང་མ་དམིགས་པ་གསུམ་ལས་འདིར་བསྟན་གཙོ་རྟགས་ལས་གཞན་གཉིས་མ་ཡིན་པ་ཡང་རྟོགས་ནུས་ཏེ།  རྒྱུ་མིང་འབྲས་བུ་ལ་བཏགས་པ་ཡིན་པའི་ཕྱིར་རོ། །   དེ་ལྟར་ཡིན་པར་གོང་དུ་བཀོད་མ་ཐག་པའི་ལུང་དེ་རྣམས་དང་གཞན་ཡང་མདོ་སྔགས་བསྟན་པའི་ཉི་མའི་མ་ཕམ་ཞལ་ལུང་ལས།  སྐྱེས་བུ་ཕ་རོལ་པོ་ཆོས་ཅན།  ཚད་མའི་སྐྱེས་བུ་ཡིན་ཏེ།  བདེན་བཞིའི་དོན་མ་ནོར་བར་སྟོན་པའི་ཕྱིར་ཞེས་པའི་འབྲས་རྟགས་ལྟར།  འདིར་ཡང་སེམས་དཔའ་ཕ་རོལ་པོ་ཆོས་ཅན།  ཕྱིར་མི་ལྡོག་པའི་གང་ཟག་ཡིན་ཏེ།   གཟུགས་སོགས་ལ་བདེན་ཞེན་ལྡོག་པའི་སེམས་དཔའ་ཡིན་པའི་ཕྱིར་ཞེས་འབྲས་བུའི་རྟགས་ཀྱིས་ཕྱིར་མི་ལྡོག་ཏུ་སྒྲུབ་པའི་འབྲས་རྟགས་སུ་ཤེས་པར་བྱ་ཞིང་།  ཞེས་དང་།  དེ་ཉིད་ལས།   སྐབས་འདིར་རྟགས་སྦྱོར་རྣམ་ནི་གཞན་ངོར་ཕྱིར་མི་ལྡོག་པ་སྒྲུབ་པའི་འབྲས་རྟགས་སུ་ཤེས་པར་བྱའོ། །   ཞེས་གསུངས་སོ། །  དེས་དཔོག་ཚུལ་ཡང་མཉམ་རྗེས་ཀྱི་རྟོགས་པ་ལ་མི་འཁྲུལ་བའི་རྗེས་ཐོབ་ལུས་ངག་གི་རྣམ་རིག་ཁྱད་པར་ཅན་མཐོང་ནས་ཕྱིར་མི་ལྡོག་ཉིད་དུ་ངེས་ཏེ།   ཕྱོགས་ཆོས་གཞན་རིགས་གིས་གྲུབ་ཅིང་།   ཁྱབ་པ་སངས་རྒྱས་ཀྱི་ལུང་གིས་ངེས་སོ། །   དངོས་སྟོབས་ཀྱི་རིགས་པས་མི་ངེས་ཏེ་གཞལ་བྱ་ཤིན་ལྐོག་ཡིན་པའི་ཕྱིར་རོ། །  དེ་ཡང་ཀུན་མཁྱེན་མི་ཕམ་པའི་གཤེགས་སྙིང་སྟོང་ཐུན་ལས།   སངས་རྒྱས་ཀྱིས་ཀྱང་འཁོར་རྣམས་ལ་ངའི་གསུང་གིས་ཡིད་ཆེས་པར་གྱིས་དང་མི་བསླུ་བར་འགྱུར་གྱི་རང་སྟོབས་ཀྱིས་ཤེས་པར་དཀའ་བའི་ཚུལ་གྱིས་བཀའ་སྩལ་བ་ཞེས་གསུངས་པ་བཞིན་ནོ། །  ཁ་ཅིག་གིས་ཁྱབ་འབྲེལ་དངོས་སྟོབས་ཀྱི་རིགས་པས་ཀྱང་ངེས་ཞེས་ཟེར།  འོན་ཀྱང་དགོས་དབང་ལས་འཐད་པར་མ་མཐོང་སྟེ།  དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས།  སྟོང་ཉིད་རིགས་པས་ཀྱང་ནི་གོ་ནུས་ཀྱི།  །   ཤིན་ཏུ་རྟོགས་དཀའ་རྒྱུ་འབྲས་ཟབ་མོའི་ཆོས།   ། ཞེས་དང་།  དཔལ་ལྡན་ཟླ་བས།   དེའི་ཕྱིར་ཁོ་བོ་ཅག་ལ་དྲི་བར་བྱ་བ་མ་ཡིན་གྱི།  གང་དག་སྟོང་པ་ཉིད་ཕྱིན་ཅི་མ་ལོག་པར་མཐོང་བའི་མིག་སྨན་མ་རིག་པའི་རབ་རིབ་ཀྱི་ལིང་ཐོག་འཇོམས་པས་བསྐུས་པ་བློའི་སྤྱན་མ་རིག་པའི་རབ་རིབ་ཀྱི་ལིང་ཐོག་དང་བྲལ་བ་དྲི་མ་མེད་པར་མངའ་བ་བྱང་ཆུབ་སེམས་དཔའ་དང་སངས་རྒྱས་བཅོམ་ལྡན་འདས་དེ་དག་ཉིད་ལ་སྨེད་པར་བྱའོ། །  ཞེས་གསུངས་པ་བཞིན་གཞལ་བྱ་ཤིན་ལྐོག་ཡིན་པའི་ཕྱིར།   དཔེར་ན་ཆུ་གཏན་ནས་མཐོང་མ་མྱོང་བའི་གང་ཟག་གིས་ཆུ་སྐྱར་ལས་ཆུ་ཡོད་པར་རྟོགས་མི་ནུས་པ་བཞིན་ནོ། །   གསུམ་པ་རྩོད་པ་སྤོང་བ་ནི།  དབང་རྣོན་སོགས་རིམ་བཞིན་སྦྱོར་མཐོང་སྒོམ་གསུམ་ནས་ཕྱིར་མི་ལྡོག་པའི་རྟགས་ཐོབ་པར་བཤད་ན།  འོ་ན་འགྲེལ་ཆུང་ལས།  རྣལ་འབྱོར་བ་རྣམས་ཀྱི་ཐ་སྙད་ནི་སེམས་ཅན་གདུལ་བའི་དགོས་པའི་དབང་མ་གཏོགས་པར་ཐམས་ཅད་དུ་རྟོགས་པ་དང་མཐུན་པར་ཁོ་ན་ཡིན་ནོ་ཞེས་ཇི་ལྟར་དྲང་།  གཞན་ཡང་ལུས་ངག་གི་སྤྱོད་པ་ཁྱད་པར་ཅན་ལས་གཞན་ཐབས་ཤེས་ཀྱི་རྟོགས་པ་དེ་དག་ཕྱིར་མི་ལྡོག་པའི་རྟགས་མ་ཡིན་ན།  གཟུགས་ལ་སོགས་ལས་ལྡོག་པ་དང་།  ཞེས་སོགས་ཀྱི་ཚིག་སུ་བཅད་པ་དྲུག་གིས་སྦྱོར་ལམ་གྱི་རྟགས་ཉི་ཤུ་དང་།  གཟུགས་སོགས་འདུ་ཤེས་ལྡོག་པ་དང་ཞེས་སོགས་ཚིགས་སུ་བཅད་པ་ལྔས་མཐོང་ལམ་གྱི་རྟགས་བཅུ་དྲུག་དང་།     སྐྱེ་བ་དང་ནི་འགག་པ་དང་ཞེས་སོགས་ཚིགས་སུ་བཅད་པ་བཞིས་སྒོམ་ལམ་མི་ལྡོག་པའི་རྟགས་སུ་བཤད་པ་རྣམས་མངོན་རྟོགས་ཀྱི་རིམ་པའི་སྒོ་ནས་བསྟན་པ་དེ་དག་ཇི་ལྟར་དྲང་སྙམ་ན།   སྔ་མ་ནི་གཙོ་ཆེ་བའི་དབང་དུ་བྱས་པ་ཡིན་གྱི་ཐམས་ཅད་ནས་ཐམས་ཅད་དུ་དེ་ལྟར་ངེས་པ་ཉིད་མ་ཡིན་ཏེ།   སློབ་དཔོན་རང་ཉིད་ཀྱི་རྒྱན་སྣང་ལས།  བྱང་སེམས་ལ་དབང་པོ་རྣོ་བས་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་གནས་སྐབས་སུ་ཡང་ཐབས་ཀྱི་ཁྱད་པར་བསམ་གྱིས་མི་ཁྱབ་པས་ཕྱིར་མི་སསལྡོག་པ་ཉིད་དུ་ངེས་པ་ཡིན་ནོ་ཞེས་གསུངས་པའི་ཕྱིར།  ཕྱི་མ་ནི་རྒྱུ་མིང་འབྲས་བུར་བཏགས་པའི་སྒོ་ནས་གསུངས་པ་ཡིན་ནོ།  དེ་ལྟར་མ་ཡིན་ན་གཞན་རྒྱུ་ལ་གཞན་རིག་གི་ཚུལ་དུ་རྟོགས་དགོས་ན་སོ་སོའི་སྐྱེ་བོའི་གཞན་སེམས་ཤེས་པའི་མངོན་ཤེས་ཀྱིས་འཕགས་རྒྱུད་ཀྱི་སེམས་ཤེས་པར་ཐལ་བ་སོགས་གསུང་རབ་སྤྱིའི་ལུགས་དང་འགལ་བ་འགྱུར་རོ།  ། འོ་ན་བཏགས་པའི་ཆོས་གསུམ་ཇི་ལྟར་ཚང་ཞེ་ན།  ཆང་ལ་མྱོས་བྱེད་ཅེས་བརྗོད་པ་བཞིན་འབྲེལ་བ་རྒྱུ་མཚན་དུ་བྱས་པ་དང་།  དགོས་པ་བྱང་སེམས་རྣམས་ཀྱི་རྗེས་ཐོབ་ནི་མཉམ་བཞག་དང་རྣམ་པ་ཆ་འདྲ་བར་ཤེས་པའི་སླད་དུའོ།  ། དངོས་ལ་གནོད་བྱེད་སོ་སོ་རང་གིས་རིག་པ་སྐད་ཅིག་མ་རྣམས་ཇི་ལྟར་གཞན་ཡིད་ཆེས་པར་བྱེད་པའི་མཚན་ཉིད་དག་ཡིན་ཞེས་སོགས་ཀྱིས་བསྟན་ཏོ།  གསུམ་པ་དོན་བསྡུ་བ་ནི།  མདོ་སྡེ་ས་བཅུ་པ་ལས།  དུ་བ་ལས་ནི་མེར་ཤེས་དང་།  །  ཆུ་སྐྱར་ལས་ནི་ཆུ་ཤེས་ལྟར།  ། བྱང་ཆུབ་སེམས་དཔའ་བློ་ལྡན་གྱི།  ། རིགས་ནི་མཚན་མ་དག་ལས་ཤེས།  ། ཞེས་དང་།  རིན་ཆེན་ཕྲེང་བར།  ཟབ་མོ་ཁུ་འཕྲིག་ཅན་འཇིགས་པ།  ། བྱང་ཆུབ་སྒྲུབ་པ་ཁ་ཅིག་ལའོ།  ། ཞེས་དང་།  རྒྱན་འགྲེལ་ཐེག་མཆོག་བདུད་རྩིའི་དགའ་སྟོན་ལས།  དུ་བའི་རྟགས་སམ་མཚན་མ་ལས་མེར་ཤེས་པ་བཞིན་གང་བྱང་ཆུབ་སེམས་དཔའ་ཡིན་པ་དེ་ལ་ཕར་ཕྱིན་དྲུག་སྒྲུབ་པ་དང་རྗེས་སུ་མཐུན་པའི་མཚན་མ་ལྔ་སྣང་བར་འགྱུར་ཏེ།  མཚན་མ་དེ་དག་ལས་འདི་ནི་བྱང་ཆུབ་སེམས་དཔའ་འོ་ཞེས་ཤེས་པ་གྱུར་ནས་བྱང་ཆུབ་སེམས་དཔའི་གྲངས་སུ་བགྲང་བར་བྱེད་དོ།  ། མཚན་མ་ལྔ་ནི་སྙིང་བརྩེ་བ་དང་ལྡན་པའི་སེམས་ཅན་ཡོངས་སུ་འཛིན་པ་དང་།  འཇིག་རྟེན་དང་ཆོས་ཀྱི་གཏམ་ལེགས་པར་སྨྲ་བ་དང་ལྡན་པ་དང་།  གཞན་དོན་དུ་འཇིགས་པ་དང་སྡུག་བསྔལ་གང་གིས་ཀྱང་མི་ཞུམ་པར་བསྟན་པ་ཉིད་དང་།  དངོས་པོ་ཐམས་ཅད་སྦྱིན་པ་ལ་རྟག་དུ་བག་མི་འཁུམ་པར་ལག་བརྐྱངས་ཏེ་གཏོང་བ་ཉིད་དང་།  གསུང་རབ་ཀྱི་དགོངས་པ་ངེས་པར་འགྲེལ་བ་དང་རྣམ་པ་ལྔ་པོ་འདི་དག་བློ་ལྡན་བྱང་ཆུབ་སེམས་རྣམས་ཀྱི་རྟགས་ཡིན་ནོ།   ། ཞེས་གསུངས་པ་བཞིན་དེ་འདྲའི་ཤེས་འདོད་ཆོས་ཅན་གྱི་ཁྱད་པར་བྱང་ཆུབ་སེམས་དཔའ་སྦྱོར་མཐོང་སྒོམ་གསུམ་ལ་གནས་པ་རྣམས།   སྒྲུབ་བྱེད་རྟགས་ཀྱི་ཁྱད་པར་བཞི་བཅུ་རྩ་བཞི་པོ་བསྒྲུབ་བྱའི་ཆོས་ཀྱི་ཁྱད་པར་ཕྱི་མི་ལྡོག་པར་སྒྲུབ་པའི་རྟགས་ཡང་དག་ཉིད་དུ་ཤེས་པར་བྱའོ།   །

 

  སླར་སྨྲས་པ། 

  བདག་བློ་ཆུང་ཆུང་ཡོལ་གོའི་སྣོད་ཀྱི་ནང་།   །

  ཟབ་དོན་མངོན་པར་རྟོགས་པའི་ལམ་གྱི་གནད།   །

  ཆ་ཤས་ཙམ་ཡང་ཤོང་བར་མི་ནུས་མོད།   །

  ཡ་རབས་སྤྱོད་ལ་གོམས་ཕྱིར་ཅུང་ཟད་སྨྲས།   །

  རྒྱལ་དང་རྒྱལ་བའི་སྲས་ཀྱི་ལམ་རྟགས་ལ།   །

  ཐོས་བསམ་སྒོམ་པའི་ཤེས་རབ་མ་སྐྱེས་ཕྱིར།   །

  འགལ་བའི་ཁུར་ཆེན་གྱིས་ནོངས་ཉེས་པའི་ཆ།   །

  རིགས་བདག་བླ་མའི་སྤྱན་སྔར་སྙིང་ནས་བཤག  །

  འདི་བྱས་རྣམ་པར་དཀར་བའི་ལེགས་ཚོགས་ཀྱིས།   །

  འགྲོ་ཀུན་ཕན་བདེའི་དཔལ་ལ་སྤྱོད་གྱུར་ཅིང་།   །

  བདག་ཀྱང་མཚུངས་མེད་བླ་མའི་ཞབས་དྲུང་དེར།   །

  ཕྲིན་ལས་བྱེད་པོར་འགྱུར་བའི་མཐུ་ཐོབ་ཤོག  །

 

  ཅེས་གསེར་ལྗོངས་བླ་མ་རུང་དུ་བོད་རབ་རྒྱན་མེ་ཁྱི་ལོའི་ལོ་མཇུག་གི་རྒྱུགས་སྤྲོད་ཀྱི་ཆེད་དུ་ཚེ་དབང་དངོས་གྲུབ་ཀྱིས་གུས་པ་ཆེན་པོས་སྦྱར་བ་དགེ་ལེགས་འཕེལ།   དགེའོ། །   དགེའོ། །   དགེའོ། །