བྱང་ཆུབ་གླིང་།-དབེན་གནས་བཀྲ་ཤིས་ཁྲི་གླིང་།-སློབ་མའི་སྦྱོང་རྩོམ།

༄༅། །འཇིགས་མེད་རྒྱལ་བའི་རིང་ལུགས་དར་ཞིང་རྒྱས་པའི་སྨོན་ལམ་དད་གསུམ་ཀློང་གི་མཆོད་སྤྲིན་ཞེས་བྱ་བ་བཞུགས་སོ།།


  ན་མོ།

  རྨད་བྱུང་ཐུབ་པའི་དགོངས་དོན་བདུད་རྩིའི་བཅུད།།

  ཟབ་གསལ་མདོ་སྔགས་ཟུང་འབྲེལ་རྒྱ་ཆེ་ཞིང་།།

  གསང་ཆེན་འོད་སྐུའི་ཡོན་ཏན་ཆེས་འཕགས་པའི།།

  འཇིགས་མེད་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག།

 

  རྡོ་རྗེའི་ལུང་བསྔགས་འགྲོ་བའི་དད་གསུམ་ངོར།།

  མ་བོས་མགྲོན་དུ་ཕེབས་པའི་བྱང་སེམས་ཚོགས།།

  སྟོན་པའི་དགོངས་དོན་དྲི་མེད་འཛིན་མཁས་པའི།།

  འཇིགས་མེད་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག།

 

  ཐུགས་མཐུན་ཚུལ་ཁྲིམས་གཙང་མའི་ས་གཞི་བརྟན།།

  ཐེག་ཆེན་དབུ་མ་ཆེན་པོའི་གནས་ལུགས་རྟོགས།།

  རྫོགས་ཆེན་ལྟ་བས་འོད་གསལ་མངོན་སུམ་གཟིགས།།

  འཇིགས་མེད་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག།

 

  སྡུག་འབད་ངལ་བའི་ཁུར་ཆེན་མ་བཞེས་ཀྱང་།།

  མདོ་སྔགས་ཆོས་ཚུལ་དགོངས་པའི་ཀློང་ན་འཁྱིལ།།

  མང་ཐོས་སྔོན་སྦྱངས་ལམ་གྱི་མཛོད་འཛིན་པའི།།

  འཇིགས་མེད་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག།

 

  འཁོར་སློབ་ཁྲི་ཕྲག་ཐོས་པས་རྒྱུད་གྲོལ་ཞིང་།།

  དེ་འཛིན་སྒོམ་པས་འོད་གསལ་ལམ་བཟང་རྙེད།།

  དྲི་མེད་སྤྱོད་པས་འགྲོ་བའི་ཡིད་རབ་འཕྲོག །

  འཇིགས་མེད་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག།

 

  སྙིགས་དུས་བསྟན་ལ་རྒོལ་ངན་ཆེས་མང་ཡང་།།

  རྣམ་དག་ཚུལ་ཁྲིམས་གཙང་མའི་རྒྱུན་བཙུགས་ཏེ།།

  གཞན་ཕན་ལྷག་བསམ་དག་པའི་མཐུ་སྟོབས་ཅན།།

  འཇིགས་མེད་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག།

 

  འདྲ་མིན་གྲུབ་མཐའི་ཆོས་ལ་དད་འདུན་གཙང་། །

  རང་ལུགས་ཕ་ཆོས་རྣལ་མ་ཐུགས་སུ་ཆུད། །

  ཆགས་སྡང་དང་བྲལ་རང་ལུགས་འཛིན་མཁས་པའི། །

  འཇིགས་མེད་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག།

 

  ཆོས་སྲུང་དགྲ་བླ་སེང་ཆེན་མི་ཡི་རྒྱལ།།

  སྔགས་སྲུང་གཟའ་མཆོག་དམ་ཅན་རྡོར་ལེགས་སོགས།།

  འདན་མ་ཡབ་སྲས་ཆོས་སྐྱོང་དགྲ་བླའི་ཚོགས།།

  འཇིགས་མེད་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག།

 

  སྒྲུབ་བརྒྱུད་ཤིང་རྟའི་བསྟན་པ་མཉམ་སྐྱོང་ཞིང་།།

  རིས་མེད་རྒྱལ་བའི་དགོངས་དོན་ཕུན་སུམ་ཚོགས།།

  ཕྱི་ནང་བསྟན་འཛིན་ཕུ་ནུ་མཐུན་པ་ཡིས།།

  འཇིགས་མེད་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག།

 

  འཆད་པས་སྟོན་པའི་དམ་ཆོས་ཉིན་མོར་བྱས།།

  རྩོད་པས་སྙིགས་མའི་རྒོལ་ངན་ཟིལ་གྱིས་གནོན།།

  རྩོམ་པས་སྐལ་ལྡན་སློབ་བུར་ལམ་སྟོན་མཛད།།

  འཇིགས་མེད་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག།

 

  བཅུ་ཕྲག་རིག་གཞུང་གནད་ལ་སྦྱང་བ་མཐོ།།

  བྱང་ཆུབ་སྤྱོད་པས་འགྲོ་དྲུག་རྗེས་སུ་སྐྱོང་།།

  དཔོན་སློབ་དམ་གཙང་འདུལ་སྔགས་སྙིང་པོ་འཛིན།།

  འཇིགས་མེད་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག།

 

  ཡང་དག་མི་ཆོས་གཞིར་བྱས་ལྷ་ཡི་ཆོས།།

  མ་ཉམས་དར་སྤེལ་སེང་གེའི་སྒྲ་ཆེན་པོས།།

  ས་གསུམ་གནས་སུ་སྒྲོག་པའི་མཐུ་ཆེན་ཟབ།།

  འཇིགས་མེད་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག།

 

  མདོ་ཕྱོགས་འཆད་ཉན་དབྱར་མཚོ་བཞིན་དུ་རྒྱས།།

  སྔགས་ཕྱོགས་སྒོམ་སྒྲུབ་ཡར་ངོའི་ཟླ་ལྟར་འཕེལ།།

  ལུང་རྟོགས་བསྟན་པའི་ང་རོས་ས་གསུམ་ཁྱབ།།

  འཇིགས་མེད་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག།

 

  འོད་མཚན་སྟོང་འབར་ལུང་བསྟན་སེམས་ཀྱི་སྨན།།

  འགྲོ་རྣམས་བདེ་ཞིང་འདྲེན་པའི་གྲུ་བོ་ཆེ།།

  མི་འཇིགས་སྐྱབས་སྦྱིན་བྱ་བ་ལས་ཀྱི་འཁོར།།

  འཇིགས་མེད་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག།

 

  ཡང་དར་བསྟན་པའི་ང་རོས་ས་གསུམ་ཁེངས།།

  གདམས་ངག་ཆོས་ཆར་འགྲོ་བའི་ཡིད་བཞིན་ནོར།།

  ཟབ་གསལ་ཁྱད་འཕགས་བསྟན་པའི་སྙིང་བཅུད་འཛིན།།

  འཇིགས་མེད་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག།

 

  སྤྱོད་པ་ཞི་དུལ་བསླབ་ཁྲིམས་གཙུག་གི་ཕུད།།

  སྒོམ་པ་ཏིང་འཛིན་གཞི་གནས་ས་ལམ་རྙེད།།

  ཤེས་རབ་མངོན་མཐོ་སྟོང་ཉིད་རང་ངོ་འཕྲོད།།

  འཇིགས་མེད་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག།

 

  རང་ཚུགས་མ་ཤོར་སེམས་ཀྱི་བཙན་ས་ཟིན།།

  གཞན་སེམས་མ་དཀྲུག་རླབས་ཆེན་སྤྱོད་པ་སྐྱོང་།།

  རང་གཞན་དོན་གཉིས་ལྷུན་གྱིས་འགྲུབ་འགྱུར་བའི།།

  འཇིགས་མེད་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག།

 

  དཔལ་ལྡན་བླ་མའི་སྐུ་ཚེ་རབ་བརྟན་ཅིང་། །

  མཁའ་མཉམ་ཡོངས་ལ་བདེ་སྐྱིད་འབྱུང་བ་དང་། །

  བསྟན་པའི་སྦྱིན་བདག་མངའ་ཐང་དར་བ་ཡི། །

  འཇིགས་མེད་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག།

 

 

  ཅེས་པ་འདི་ཡང་སྐྱབས་རྗེ་འཇིགས་མེད་ཕུན་ཚོགས་འབྱུང་གནས་ཀྱི་སློབ་རྒྱུད་དུ་གཏོགས་པ་བཀའ་དྲིན་གསུམ་ལྡན་གྱི་བླ་མ་དམ་པ་མཁན་ཆེན་ཤེས་རབ་བཟང་པོའི་གདམས་ངག་གི་བདུད་རྩི་ལ་ལོངས་སུ་སྤྱོད་མྱོང་བའི་སྐལ་བ་ཅན་གུ་རུ་མཚོ་སྐྱེས་རྡོ་རྗེའི་སྐྱབས་འོག་པ་བཀྲ་བློའི་མིང་ཅན་གྱི་ཡུན་རིང་པོའི་བར་ནས་འདི་ལྟར་སྨོན་འདོད་ཀྱི་བསམ་པས་སངས་རྒྱས་སྨན་བླའི་དུས་ཆེན་གྱི་ཉིན་མོར་བྱང་ཕྱོགས་གཡས་རུ་ནས་རང་ཤག་ཏུ་བྲིས་པ་འདིས་ཀྱང་འཇིགས་མེད་རྒྱལ་བའི་བསྟན་པ་ལ་ཕན་པ་ཅི་རིགས་ཐོགས་པར་གྱུར་ཅིག་གུ །