བྱང་ཆུབ་གླིང་།-དབེན་གནས་བཀྲ་ཤིས་ཁྲི་གླིང་།-སློབ་མའི་སྦྱོང་རྩོམ།

༧ མཁན་ཆེན་ཤེས་རབ་བཟང་པོའི་རྟོགས་བརྗོད་ཨུཏྤལ་སར་བའི་ཆུན་པོ་བཞུགས།


 

༢༠༠༩ལོར་མཁན་ཆེན་མཆོག་རྔ་ཡུལ་སྨན་ལྗོངས་ཕྱུག་མོར་ཆིབས་སྒྱུར་གནང་སྐབས།

 

  ༄༅། །ཡབ་གཅིག་རྡོ་རྗེ་འཆང་གི་ངེས་པ་དོན་གྱི་རྒྱལ་ཚབ ༧མཁན་ཆེན་དམ་པ་ཤེས་རབ་བཟང་པོ་མཆོག་མངའ་ཡུལ་སྨན་ལྗོངས་ཕྱུག་མོ་རུ་ཕེབས་པའི་རྟོགས་པ་ཟུར་ཙམ་བརྗོད་པ་ཨུཏྤལ་སར་བའི་ཆུན་པོ་ཞེས་བྱ་བ་བཞུགས་སོ། །

 

  རྒྱལ་ཀུན་མཁྱེན་རབ་གཟུགས་སུ་ཡོངས་སྨིན་དམར་སེར་ལི་ཁྲིའི་མདངས་འཕྲོ་བ། །བཅུ་དྲུག་གཞོན་ནུའི་སྐྱེ་མཆེད་རབ་རྫོགས་གྲགས་པའི་སྤྲིངས་ཡིག་ཕྱོགས་སུ་རྒྱུ། །ཀུན་རྨོངས་སྲིད་པའི་དྲ་བ་གཅོད་བྱེད་སྔོ་བསངས་རལ་གྲིའི་ཕྱག་མཚན་ཅན།།རྗེ་བཙུན་བརྟན་པའི་འཁོར་ལོའི་མཚན་འཆང་ལྷག་པའི་ལྷ་དེས་འབྲལ་མེད་སྐྱོངས། །

 

  སྣ་ཚོགས་ཆུ་སྐྱེས་འདབ་མ་འབུམ་བརྩེགས་དྲི་བྲལ་ཉ་གང་ཟླ་བའི་ཁར། །བརྒྱད་གཉིས་ལང་ཚོའི་ཁོ་ལག་ཡོངས་དར་གནག་སྣུམ་སྐྲ་ཡི་ལན་བུ་གཡོ། །རིན་ཆེན་རྒྱུད་མངས་དལ་གྱིས་ཉེར་བསྐུལ་སྲིད་ཞིའི་སྒྲ་དབྱངས་འགུགས་མཁས་མ། །བདག་མགྲིན་འོ་མའི་རྒྱ་མཚོའི་གླིང་གར་སྙན་དགུའི་ངང་མོ་དེང་རྩེན་ཅིག །

 

  མཐའ་དག་ཤེ༵ས་བྱའི་ཆོས་ཀུན་མཁྱེན་པའི་བློ་གྲོས་འདབ་མ་ཁོང་ན་དགོད། །སྡེ་སྣོད་ར༵བ་འབྱམས་སྨྲ་ལ་དབང་འབྱོར་ལོངས་སྤྱོད་འཁོར་ལོའི་མདུད་རྒྱ་གྲོལ། །རྨད་བྱུང་མཚན་བཟ༵ང་ལང་ཚོས་རབ་སྒེག་མཐོང་གྲོལ་མིག་གི་བདུད་རྩིའི་སྐུ། །བདེ་ཆེན་འཁོར་ལོའི་རྒྱན་དུ་བསྙེན་ནོ་རིགས་ཀྱི་བདག་པོ༵་སངས་རྒྱས་དངོས། །

 

 

  སྔོན་སྨོན་ཐུགས་བསྐྱེད་དུས་སུ་སྨིན་ཏེ་རྒྱལ་སྲས་དཔའ་བོའི་ཁུར་བཞེས་ཤིང་།།དྲང་སྲོང་བླ་མ་དམ་པ་མཆོག་གིས་འཇིག་རྟེན་གཟིགས་པའི་ཉིན་མོ་རུ།།མངའ་ཡུལ་སྨན་ལྗོངས་ཕྱུག་མོ་ཞེས་གྲགས་དབྱིག་འཛིན་སྒེག་མོའི་དཀྱིལ་འཁོར་ན། །བསོད་ནམས་བྱེ་བའི་མཐུ་ལས་གྲུབ་པའི་ཞབས་ཟུང་རེ་ཁ་དལ་གྱིས་འཕོས། །

 

  དེ་ཚེ་དགའ་སྤྲོའི་ཡོ་ལང་རྒྱས་པའི་སྨན་ལྗོངས་ཕྱུག་མོའི་སྐྱེ་བོ་ཚོས། །གཡུ་ཤུག་ལོ་མ་མེ་ལ་བསྲེགས་པའི་དུད་སྤྲིན་དཀར་པོ་མཁར་དཀྲིགས་ཤིང་། །མྱུར་མགྱོགས་གློག་གི་ཟློས་གར་ངོམ་པའི་རྟ་འཕྲུལ་ཀུན་ཀྱང་བང་འགྲན་ནས། །ལྷ་དར་དཀར་པོ་རླུང་གིས་བསྐྱོད་དེ་བསུ་བའི་ལས་ཀྱིས་ཅི་ཡང་བྲེལ། །

 

  བསླབ་གསུམ་རིན་ཆེན་ཡལ་གའི་རྩེ་མོར་འཆད་རྩོད་རྩོམ་པའི་འདབ་སྟོང་བཀྲ།  །ཐོས་བསམ་སྒོམ་པའི་བཅུད་ཀྱིས་ཡོངས་གཏམས་ཐུབ་བསྟན་འཛིན་པའི་རྩེ་དགའ་ཅན། །ཞོགས་པའི་མཚམས་སྤྲིན་མདངས་ལ་རབ་འཕྱ་ངུར་སྨྲིག་འཛིན་པ་འདུས་པའི་སྡེས། །ཕྲེང་དུ་བསྟར་ནས་དུང་གླིང་རོལ་སོགས་ཀུན་བཟང་མཆོད་པའི་སྤྲིན་གྱིས་གཏམས། །

 

 

  དེ་སྟེ་གཟུངས་སྤོབས་ནོར་བུའི་མཛོད་འཛིན་ཟླ་བྲལ་རིག་པའི་ཁུ་བྱུག་མཆོག །མཛེས་སྡུག་རིན་ཆེན་ཁྲི་ཡི་རྩེ་མོར་ཞབས་སེན་ཟླ་རིས་ཉེར་བཀོད་པས། །འཇའ་སྤྲིན་སྣ་ལྔས་མཁའ་དབྱིངས་འགེངས་ཤིང་གསོལ་ཆུ་འོ་མའི་མདངས་གྱུར་པས། །ངོ་མཚར་སྙན་པའི་ལྷ་ཡི་རྔ་ཆེན་ལྷོ་གླིང་འཛིན་མའི་ཁྱོན་ན་བརྡུངས། །

 

  དེ་ནས་བསླུ་མེད་རིན་ཆེན་གསུམ་གྱི་བསླབ་སྡོམ་ནོར་བུའི་ཕྲེང་བ་དང་། །ཆོས་རྗེ་བླ་མའི་འད༵འ་ཁ༵འི་ཞ༵ལ་ཆེ༵མས་བྱིན་རླབས་བཅུད་འཁྱིལ་ཚི༵ག་གསུ༵མ་མ༵། །མིག་འཕྲུལ་བཞིན་དུ་དག་ཞིང་བགྲོད་བྱེད་ཚང་ལ་མ་ནོར་རྒྱུ་བཞི་སོགས། །བྱིན་རླབས་དྲི་ཡི་ངད་པ་མ་ཡལ་ཟབ་དགུའི་གདམས་པ་ཕངས་མེད་བསྩལ། །

 

  རིན་ཆེན་ལྗོན་པའི་འཁྲི་ཤིང་རྩེ་མོར་སྤྲུལ་པའི་བྱ་ཡིས་སྐད་སྙན་འབྱིན། །ཡིད་འོང་མཚོ་རྫིང་ལྟ་ན་སྡུག་པས་ཕྱོགས་དང་ཕྱོགས་མཚམས་ཡོངས་བསྐོར་བའི། །དགོས་འདོད་ཀུན་འབྱུང་ཞིང་ཁམས་མཆོག་གྱུར་བདེ་ལྡན་དག་པའི་གླིང་ག་རུ། །བདེ་བླག་བགྲོད་པའི་ཐེམ་སྐས་བཙུགས་ཏེ་དག་པའི་ཞིང་གི་སྒོ་འཕར་ཕྱེས། །

 

 

  གཅེས་པའི་སྲོག་འདི་ཤིན་ཏུ་ཕངས་པའི་སྐྱོབ་མེད་ཉམ་ཆུང་དུད་འགྲོ་རྣམས། །ཤེས་ལྡན་མི་ཡིས་འདོད་རྔམ་སྟུག་པོས་ཁྲག་གིས་སྦགས་པའི་བཤས་རའི་དབུས། །ཅི་དགར་གནར་བ་ཆོས་ལྡན་བོད་ཀྱི་ལུགས་གཉིས་སྲོལ་དང་རྒྱབ་འགལ་ཅེས། །མངའ་ཡུལ་སྨན་ལྗོངས་ཕྱུག་མོའི་ཞིང་དུ་དགེ་བཅུའི་སྲོལ་གྱིས་དཀར་འབྱམས་གནང་། །

 

  འཇི༵གས་མེ༵ད་སྟོན་པ་ཀུན་ཏུ་བཟང་པོ་ཕུ༵ན་ཚོ༵གས་ཕན་བདེའི་འབྱུ༵ང་གན༵ས་ཀྱིས། །སྔ་འགྱུར་བཀའ་གཏེར་རྒྱ་མཚོའི་བཅུད་འཁྱིལ་ངོ་མཚར་ཆོས་ཀྱི་གླིང་ག་འདིར། །བླ༵་རུ༵ང་འདོ༵ད་དོ༵ན་ཀུ༵ན་འགྲུ༵བ་གླི༵ང་ཞེས་མཚན་གྱི་ཅོད་པན་དཔྱངས་པའི་ཚུལ། །བདེན་གསུང་སྙན་འཇེབས་ཚངས་དབྱངས་རོལ་མོ་སྐྱེ་དགུའི་སྒྲ་འཛིན་གསོས་སུ་བྱིན། །

 

  གངས་ཅན་མེས་པོའི་ཕ་ནོར་གཙང་མ་ཐུན་མོང་ཐུན་མིན་རིག་གཞུང་སོགས། །གངས་ཕྲུག་ཡོངས་ཀྱིས་གུས་རྟག་བརྩོན་པས་སྙིང་གི་དབུས་སུ་ཆོངས་ཤིག་དང་། །གངས་འདབས་འདི་ན་ལུགས་གཉིས་རྒྱལ་རྔ་སྙན་ལ་རིང་བ་བརྡུང་ཆོག་ཅེས། །གངས་ལྗོངས་བསྟན་དང་སྲིད་ལ་སྨན་པའི་ཟུངས་ཁྲག་དམར་པོའི་ལྗགས་མཆིད་བསྩལ། །

 

 

  ཟབ་གཏེ༵ར་མངའ་བརྙེས་གསང་བའི་ལམ་སྟོ༵ན་བསོ༵ད་ན༵མས་འབུམ་གྱིས་རླབས་རིས་འཛུམ། །རྒྱ༵་མཚོ༵འི་མཚན་ཅན་དམ་པ་གང་དེས་གཏད་རྒྱས་བཏབ་པའི་རྟེན་མཆོག་དང་། །ཇིང་རྒྱལ་སོག་གི་རྟེན་གྱི་སྙིང་ནོར་རྡོ༵་རྗེ༵འི་རྭ༵་བཞི་གྱེན་གདེ༵ངས་སོགས། །རིན་བྲལ་རྟེན་གྱི་མཆོག་གྱུར་ཡོངས་ལ་ཕྱག་གིས་མེ་ཏོག་སིལ་མ་གཏོར། །

 

  ཉིན་ནས་ཞག་གི་ཕ་མཐར་བརྒལ་ཏེ་སྨིན་གྲོལ་འཁོར་ལོ་གཡས་བསྐོར་བས། །རིན་བྲལ་ནོར་གྱིས་ནམ་ཡང་མི་ཁུགས་བླང་དོར་མིག་ཟུང་འབྱེད་པའི་དྲིན། །སྲིད་པའི་མཐར་ཡང་གཞལ་བར་དཀའ་ཞེས་ཀུན་གྱིས་ཕན་ཚུན་གླེང་མོལ་ངང་། །མིག་ཆུས་བརླན་ཅིང་དད་གསུམ་སྙེ་མ་ཁོང་དུ་དུད་པའི་རྣམ་འགྱུར་ངོམ། །

 

  ཡང་ཅིག་སོར་བཅུའི་འདབ་མའི་ཕྲེང་བ་སྙིང་གི་དབུས་སུ་ཡང་ཟུམ་སྟེ།།སླད་ཀྱང་ཁྱེད་ཞབས་གསེར་གྱི་འཁོར་ལོ་སྨན་ལྗོངས་ཕྱུག་མོའི་གླིང་ག་རུ། །ཉེ་བར་བཀོད་དེ་སྨིན་གྲོལ་ཆོས་ཆར་ཐུགས་བརྩེའི་སྤྲིན་ལས་ཕྱུང་དགོས་ཞེས། །གསོལ་འདེབས་ངག་གི་རྒྱུད་མངས་དང་འགྲོགས་ཀུན་གྱིས་གུས་པའི་ལྷ་ཕྱག་བརྩེགས། །

 

 

  སྔོན་ཞིག་ཆོས་རྗེ་ཙིནྟ་མ་ཎི་ཡབ་གཅིག་འཇིགས་མེད་མཚན་ཅན་གྱིས། །བསྐལ་བཟང་འཁོར་སློབ་ཁྲི་ཕྲག་དབུས་སུ་ཁྱེད་ཡོན་རྒྱ་མཚོ་ཡང་གླེང་ནས། །བསྔགས་བརྗོད་མེ་ཏོག་སིལ་མར་གཏོར་ནས་ཆོས་ཀྱི་རྒྱལ་ཚབ་མངའ་གསོལ་བ། །དུས་ཀྱི་མཐའ་འདིར་ཐུབ་བསྟན་འཛིན་པའི་སྲོག་ཤིང་གྱུར་པར་དགོངས་མིན་ནམ། །

 

  ཨེ་མ་དོན་ལྡན་མཚན་སྙན་བ་དན་མཚོ་ལྔ་གླིང་བཞིའི་ཕྱོགས་བསྐྱོད་ཅིང་། །ལན་བརྒྱར་མཇལ་ཡང་ངོམས་པར་མེད་པ་ལུས་ཅན་སྙིང་གི་སྡུ་གུ་མ། །ཁྱེད་སྐུ་སྐྱེ་འཆི་བགྲེས་རྒུད་དང་བྲལ་ཚེ་ཡི་དྭངས་མར་རྟག་བཞུགས་དང་། །རྒྱལ་བསྟན་འཛམ་བུའི་ཆུ་གསེར་ཆེན་མོའི་བཤད་སྒྲུབ་གཟི་འོད་ཅིས་མི་འཚེར། །

 

  དེ་ལྟའི་རྟོ༵གས་བརྗོ༵ད་ཨུ༵ཏྤ༵ལ་ས༵ར་བ༵འི་ངོ་མཚར་འདབ་མ་འབུམ་དགོད་པ། །སྙན་ཚིག་སྐུད་པས་ཆུ༵ན་པོ༵ར་བྱས་པའི་ལྷག་བསམ་དགེ་བའི་རྟེན་འབྱུང་གིས། །མཚུངས་མེད་བླ་མའི་ཞབས་ཀྱི་པདྨོ་རྡོ་རྗེའི་གཤིས་སུ་ཉེར་འཚོས་ཏེ། །རིས་སུ་མེད་པའི་རྣམ་དཀར་མཛད་ཕྲིན་ས་གསུམ་ཡོངས་ལ་ཁྱབ་གྱུར་ཅིག །

 

 

  ཅེས་པ་འདི་ནི་དམ་པ་གང་གིས་ལུགས་གཉིས་བཀའ་དྲིན་གྱིས་རིང་ནས་བསྐྱངས་པའི་གྱི་ན་བ་བཀྲ་ཤིས་དབང་ཕྱུག་གམ་ཁ་བའི་འདབ་མ་རུ་འབོད་པས་ལྕགས་སྟག་ཟླ་༧ཚེས་༢༡ཉིན་ཁམས་སྡེ་དགེ་མངའ་ཡུལ་སྨན་ལྗོངས་ཕྱུག་མོ་རུ་བྲིས་པ་དགེ་ལེགས་འཕེལ།།  །།