བྱང་ཆུབ་གླིང་།-དབེན་གནས་བཀྲ་ཤིས་ཁྲི་གླིང་།-གསལ་བརྡ།

འབུམ་འགྱུར་ཟླ་བ་འདི་ལ་དགེ་སྒྲིབ་སྡིག་སྤོང་གལ།


  ལོ་རེའི་བོད་ཟླ་དང་པོ་ནི་རྣམ་འདྲེན་བཞི་པ་སངས་རྒྱས་ཤཱཀྱ་ཐུབ་པས་ཆོ་འཕྲུལ་སྣ་ཚོགས་བསྟན་ནས་མུ་སྟེགས་པ་རྣམས་བཏུལ་བའི་དུས་ཆེན་ཁྱད་པར་ཅན་ཡིན་པས། ཟླ་བ་འདིར་ཁ་འདོན་དགེ་སྦྱོར་དང་ཕྱག་སྐོར་སྒྲིབ་སྦྱོང་གང་བྱས་ཀྱང་འབུམ་འགྱུར་དུ་འགྲོ་བས་ཐམས་ཅད་ཀྱིས་དགེ་སྒྲུབ་སྡིག་སྤོང་བྱེད་པར་འཚལ།

 

 

༄༅། །ཆོ་འཕྲུལ་ཟླ་བའི་སྨོན་ལམ། 



 

མཉམ་མེད་སྟོན་པ་ཤཱཀྱའི་གཙོ། །

བཀའ་དྲིན་མཚུངས་མེད་ཆོས་ཀྱི་རྗེ། །

ཕྱོགས་བཅུའི་དུས་གསུམ་བདེ་གཤེགས་ཀྱིས། །

འགྲོ་རྣམས་རྟག་ཏུ་སྐྱོབ་མཛོད་ཅིག །

 

བླ་མ་སྐད་གཅིག་མི་བརྗེད་པར། །

ཟབ་མོའི་གདམས་ངག་སེམས་ལ་བཟུང་། །

གང་གསུང་འགོང་པར་མེད་པའི་ངང་། །

སྐྱེ་ཀུན་བླ་མའི་རྗེས་ཟིན་ཤོག །

 

ངེས་འབྱུང་སེམས་དང་མི་འབྲལ་ཞིང་། །

ཆོས་བརྒྱད་དྲི་མས་མ་གོས་པར། །

རྙེད་བཀུར་སྙན་གྲགས་དང་བྲལ་ཏེ། །

ལུས་སེམས་དགེ་བའི་དབང་གྱུར་ཤོག །

 

སྙིང་རྗེའི་སེམས་དང་ལྡན་གྱུར་ནས། །

འགྲོ་ལ་གནོད་འཚེ་མ་གྱུར་ཅིག །

གཞན་གྱིས་བདག་ལ་གནོད་བྱས་ཀྱང་། །

བདག་གིས་དེ་ལ་ཕན་སྒྲུབ་ཤོག །

 

བདག་ལ་བརྟེན་ནས་སྐྱེ་འགྲོ་ཀུན། །

ཉོན་མོངས་རྟོག་པ་མི་སྐྱེ་ཞིང་། །

བྱང་ཆུབ་ལམ་ལ་མཉམ་འཇུག་སྟེ། །

ལྷན་ཅིག་བདེ་ཆེན་ཞིང་སྐྱེ་ཤོག །

 

རྒྱལ་བསྟན་ཕྱོགས་དུས་ཀུན་ཏུ་དར། །

ནད་གདོན་བར་ཆད་མ་ལུས་ཞི། །

འགྲོ་ཀུན་ཕན་བདེས་རྟག་འཚོས་ཏེ། །

སྨོན་འབྲས་གེགས་མེད་མངོན་འགྱུར་ཤོག །

 

  ཅེས་ཤིང་ལུག་ལོའི་ཆོ་འཕྲུལ་ཟླ་བའི་ཡར་ཚེས་བཅོ་ལྔ་སྟེ། སྟོན་པ་ཐུབ་པའི་དབང་པོས་མུ་སྟེགས་པ་དག་ཚར་བཅད་དེ་རྣམ་པར་རྒྱལ་བའི་ཉིན་མོར། སངས་རྒྱས་ཀྱི་ཡོན་ཏན་དང་བཀའ་དྲིན་རྗེས་སུ་དྲན་བཞིན་དཀོན་མཆོག་གསུམ་གྱི་སྐྱབས་འོག་པ་ཤེས་རབ་བཟང་པོས་སྨོན་པ་དེ་བཞིན་དུ་མཆོག་གསུམ་བདེན་པས་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ། ཕྱི་ལོ་༢༠༡༥ལོའི་ཟླ་༣་ཚེས་༥ལའོ།། །།


ནང་དོན་འོག་མ།དགེ་བ་བཅུའི་སྲོལ།