བྱང་ཆུབ་གླིང་།-དབེན་གནས་བཀྲ་ཤིས་ཁྲི་གླིང་།-གསལ་བརྡ།

༈ མེ་མོ་བྱ་ཡི་ལོའི་ཡིག་བརྒྱ་དགེ་སྐུལ་གྱི་གསལ་བརྡ།


 

  སྤྱི་ལོ་༢༠༡༧མེ་མོ་བྱ་ཡི་ལོ་སྟེ་ཆོས་རྗེ་ཡིད་བཞིན་ནོར་བུ་འཇིགས་མེད་ཕུན་ཚོགས་འབྱུང་གནས་ཉིད་མི་འཇེད་འཇིག་རྟེན་འདིར་སྐུ་བལྟམས་པའི་ལོ་ཚིགས་འདི་ལ། གང་གི་ཐུགས་སྲས་དམ་པ་མཁན་ཆེན་ཤེས་རབ་བཟང་པོས། དབེན་གནས་བཀྲ་ཤིས་ཁྲི་གླིང་གི་རིན་པོ་ཆེ་ཆུ་ཤེལ་ལས་གྲུབ་པའི་རྡོ་རྗེ་སེམས་པའི་སྐུ་ལེགས་གྲུབ་བྱུང་བ་སོགས་རྟེན་འབྲེལ་དང་། དགོས་དབང་མང་པོར་གཟིགས་ནས་བླ་ན་མེད་པའི་ཐུགས་བསྐྱེད་རྣམ་པར་དག་པས་སྐྱེ་འགྲོ་རྣམས་ཀྱིས་ཐོགས་མེད་ནས་བསགས་པའི་སྡིག་ལྟུང་འདག་ཅིང་། ཚོགས་ཆེན་རྫོགས་པའི་ཆེད་དུ་དམིགས་ནས། ཕྱོགས་སོ་སོར་བླ་མ་རྡོ་རྗེ་སེམས་པའི་ཡང་སྙིང་ཡིག་བརྒྱ་དགེ་སྐུལ་གྱི་མཛད་འཕྲིན་བསྐྱངས་ཏེ། རྒྱལ་བསྟན་གྱི་སྒོར་ཞུགས་པའི་རིས་སུ་མ་ཆད་པའི་དད་ལྡན་སྐྱེ་འགྲོ་རྣམས་ལ་ཚོགས་བསགས་སྒྲིབ་སྦྱོང་གི་གོ་སྐབས་བཟང་པོ་འབྱེད་བཞིན་ཡོད་པས། ཚང་མས་རང་གཞན་དག་གི་དོན་དུ་རྒྱ་མཚོ་ཆུ་ཐིགས་ཀྱི་དཔེ་ལྟར་དགེ་རྩ་ནང་དུ་མཉམ་དུ་ཞུགས་ནས། རང་རང་གི་ནུས་ཚོད་དང་མཐུན་པར་ཡིག་བརྒྱ་ཁྲི་འབུམ་སོགས་མང་ཉུང་ཅི་ཙམ་ཁས་ལེན་ཐུབ་ན་དེ་ལྟར་བྱས་ཏེ། ཡང་དག་པར་འདོན་སྒྲུབ་འདོད་མཁན་རྣམས་ཀྱིས། འཕྲིན་ཕྲན་དང་། དྲྭ་ཚུགས། ཁ་པར། ངག་འཕྲིན་སོགས་བརྒྱུད་ནས་ཁས་ལེན་གྱི་གྲངས་ཀ་དག་གསུང་དང་། ལོ་མཇུག་ཏུ་དགེ་རྩ་མཐའ་དག་ཁྱོན་བསྡོམས་བྱས་ཏེ་མཉམ་དུ་བསྔོ་སྨོན་གནང་འཆར་ལགས་པས་དེ་ལྟར་ཀུན་གྱིས་ཐུགས་ལ་འཛིན་པར་ཞུ།།