བྱང་ཆུབ་གླིང་།-དབེན་གནས་བཀྲ་ཤིས་ཁྲི་གླིང་།-གསལ་བརྡ།

​རབ་རྒྱན་མེ་བྱ་ལོའི་ཟླ་1ཚེས་15ཉིན་གྱི་གསལ་འདེབས།


 

  དབང་ཆེན་སྤྲེལ་གྱི་ལོ་ནི་དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི་མཐུ་སྟོབས་གཅིག་ཏུ་བསྡུས་པ་སྙིགས་མའི་རྒུད་པ་འཇོམས་ལ་འཕྲིན་ལས་འགྲན་ཟླ་དང་བྲལ་བ་གངས་ཅན་བསྟན་པའི་སྲོལ་འབྱེད་ཨོ་རྒྱན་སངས་རྒྱས་གཉིས་པ་པདྨ་འབྱུང་གནས་ཀྱི་འཁྲུངས་ལོ་སྟེ་ནང་པ་སངས་རྒྱས་པ་སྤྱི་དང་། དགོས་ཁོང་དང་ལས་སྨོན་དམ་ཚིག་གིས་འབྲེལ་བ་ཟབ་པའི་རང་རེ་ཁ་བ་ཅན་གྱི་འབངས་མི་རྣམས་ལ་མཚོན་ན་དམིགས་གསལ་དུ་དགེ་སྒྲུབ་སོགས་ཀྱི་ཕྱག་ལས་ལ་བརྟེན་ནས་བརྩི་སྲུང་བྱེད་འོས་པར་སྨོས་ཅི་དགོས།

        དེ་ལྟ་བུའི་རྒྱུ་མཚན་དམིགས་པ་དག་ལ་དགོངས་ནས་ལོ་དེར་མཁན་ཆེན་དམ་པ་ཤེས་རབ་བཟང་པོ་མཆོག་ནས་ཀྱང་བསྟན་འགྲོ་སྤྱིའི་བདེ་སྡུག་ལ་བླ་ན་མེད་པའི་ཐུགས་ཁུར་ཆེར་བཞེས་གནང་སྟེ། བླ་མ་ཨོ་རྒྱན་ཆེན་པོའི་བླ་སྒྲུབ་ཚིག་བདུན་གསོལ་འདེབས་དུང་བརྒྱའི་དགེ་སྐུལ་མཛད་པའི་འཕྲིན་ལས་རྒྱ་ཆེར་བསྐྱངས་ཤིང་། རིས་སུ་མ་ཆད་པའི་བསྟན་པའི་རྗེས་འཇུག་རྣམས་ལ་བླ་ན་མེད་པའི་དགེ་རྩ་མཉམ་བསྒྲུབ་ཀྱི་གོ་སྐབས་བཟང་པོ་ཞིག་ཕྱེས། ད་སྐབས་དགེ་རྩ་དེ་དག་ཡོངས་སུ་ཁྱོན་བསྡོམས་པའི་གྲངས་ཀ་ལ་མཚོན་ན། དུང་གཉིས་བརྒྱ་དང་། བཞི་ཅུ་རྩ་བཞི། བྱེ་བ་དྲུག། འབུམ་བཞི། ཁྲི་བདུན། སྟོང་བདུན། དྲུག་བརྒྱ། བཞི་ཅུ་རྩ་ལྔ་བཅས་ལེགས་པར་གྲུབ་སོང་།

        གཞན་ཡང་ལོ་དེའི་དགུན་ནང་གི་སྲོག་བླུའི་དགེ་སྒྲུབ་སྐབས་སུ་སེམས་ཅན་ཆེ་ཆུང་དུང་ཉི་ཤུ་རྩ་བཞི་དང་། བྱེ་བ་བདུན། ས་ཡ་གསུམ། འབུམ་གཅིག ཁྲི་གཅིག སྟོང་དགུ། དགུ་བརྒྱ། བཅུ་གསུམ་དང་། སྲོག་ཆགས་ཆུང་ཆུང་ཆུ་གནས་ཀྱི་རིགས་གཏོགས་རྒྱ་མ་ཁྲི་བརྒྱ་དང་ཉི་ཤུ་རྩ་བཞི། སྟོང་བཞི། ལྔ་བརྒྱ། དྲུག་བཅས་ལེགས་པར་གྲུབ་བོ།།

        རབ་རྒྱན་མེ་མོ་བྱ་ཡི་ལོའི་བོད་ཟླ་དང་པོ་སྟེ། ཆོ་འཕྲུལ་ཟླ་བའི་ཚེས་བཅོ་ལྔ་ཉིན་ནི་བླ་ན་མེད་པའི་དུས་ཚེས་ཁྱད་དུ་འཕགས་པ་ཡིན་ཏེ། མཉམ་མེད་ཤཱཀྱ་སེང་གེས་མུ་སྟེགས་སྟོན་པ་སྡེ་དྲུག་ཚར་བཅད་ཅིང་། སྐྱེ་འགྲོ་མང་པོ་ནང་བསྟན་གྱི་སྒོར་བཅུག་ནས་གཡུལ་ལས་རྣམ་པར་རྒྱལ་བའི་རྔ་སྒྲ་ཆེན་པོས་ས་གསུམ་ན་ཡོངས་སུ་ཁྱབ་པའི་མཛད་འཕྲིན་བསྐྱངས་པའི་ཉིན་མོ་ཡིན། དེར་བརྟེན་ལས་སྨོན་གྱི་མཐུ་དཔུང་བཙན་པོས་བསྟན་འགྲོ་ལ་བླ་མེད་ཀྱི་མཛད་རྗེས་ཆེ་བའི་༧མཁན་ཆེན་དམ་པ་ཤེས་རབ་བཟང་པོས། ཐུགས་བརྩེ་བ་ཆེན་པོས་ཉེ་བར་དགོངས་ཏེ། དྲྭ་ཚུགས་YYཨང་གྲངས། 66156995དང་། ཡང་ན། 98575811འདི་དག་བརྒྱུད་ནས། ཉིན་དེའི་ཕྱི་དྲོ་པེ་ཅིང་ཆུ་ཚོད་གསུམ་པ་ཁྲིག་ཁྲིག་གི་སྟེང་དུ། དད་ལྡན་རྣམས་ལ་བླང་དོར་གྱི་བསླབ་བྱ་དང་འབྲེལ་བའི་ཆོས་ཁྲིད་གསུང་རྒྱུ་དང་། སྐྱབས་འགྲོའི་སྡོམ་པ་འབོག་རྒྱུ། སྣ་གཅིག་སྤྱོད་པ་ནས་ཡོངས་རྫོགས་བར་གྱི་དགེ་བསྙེན་སྡོམ་པ་གནང་རྒྱུ། ཞི་ཁྲོ་ན་རག་དོང་སྤྲུགས་རྣལ་འབྱོར་གྱི་སྤྱི་ཁྲུས་འགྱོད་ཚངས་ཀྱི་ཆོ་ག་དྲི་མེད་བཤགས་རྒྱུད་དང་། མནྜལ་སོ་བདུན་མའི་བཀླགས་ཆོག་གི་ལུང་བཅས་གནང་རྒྱུ་གཏན་ཁེལ་མཛད།

        དེ་དང་མཉམ་དུ་གོང་དུ་ཞུས་པ་ལྟར་དབང་ཆེན་སྤྲེལ་གྱི་ལོ་ལ་ཁོང་གིས་དགེ་སྐུལ་གནང་བའི་ཚིག་བདུན་གསོལ་འདེབས་འབོར་བསྡོམས་ཀྱི་དགེ་རྩ་དང་། ལོ་དེའི་དགུན་ནང་གི་སྲོག་བླུའི་དགེ་སྒྲུབ། མ་ཟད་ད་སྐབས་སྒྲུབ་བཞིན་པའི་ཆོ་འཕྲུལ་ཟླ་བའི་ཡུན་གྱི་སྲོག་བླུའི་དགེ་རྩ་ཐམས་ཅད་བསྟན་དང་འགྲོ་བའི་དོན་དུ་བཟང་པོ་སྤྱོད་པའི་སྨོན་ལམ་དང་འབྲེལ་བའི་སྒོ་ནས་སླར་ཡང་བསྔོ་བ་དང་སྨོན་ལམ་མཛད་རྒྱུ་རེད། དེས་ན་དུས་ཚེས་ཕུན་སུམ་ཚོགས་པའི་དགེ་སྒྲུབ་དེ་དག་གི་ནང་དུ་དུས་ཚོད་སྟེང་ནས་མཉམ་ཞུགས་ཐུབ་མཁན་རྣམས་ཀྱིས་རྗེས་སུ་ཡི་རང་དང་བཅས་དྲྭ་ལམ་ནས་གསན་བཞེས་མཛད་རྒྱུ་དང་། གལ་སྲིད་དེ་ལྟར་མཉམ་ཞུགས་མི་ཐུབ་མཁན་རྣམས་ཀྱིས་ཀྱང་སོ་སོའི་ངོས་ནས་བཟང་པོ་སྤྱོད་པའི་སྨོན་ལམ་སོགས་བཏོན་ནས་དགེ་བསྔོ་གནང་རྒྱུ་ནི་ཆེས་རྙེད་པ་དཀའ་བའི་གོ་སྐབས་བཟང་པོ་ཡིན་པས་ཀུན་གྱིས་ཐུགས་ལ་འཇགས་པར་ཞུ།།