བྱང་ཆུབ་གླིང་།-དབེན་གནས་བཀྲ་ཤིས་ཁྲི་གླིང་།-གསལ་བརྡ།

དབེན་གནས་བཀྲ་ཤིས་ཁྲི་གླིང་གི་སྤྲེལ་ཟླ་བའི་མཛད་རིམ་འགའ།


 

  དབེན་གནས་བཀྲ་ཤིས་ཁྲི་གླིང་འཇིགས་མེད་རིག་པ་འཛིན་པའི་སྡེས། རབ་རྒྱན་མེ་མོ་བྱ་ཡི་ལོའི་ཟླ་དྲུག་པའི་ཚེས་༦ནས་བཟུང་སྟེ་རིག་འཛིན་འཇིགས་མེད་གླིང་པ་སོགས་ཀྱི་དགོངས་པ་ལྟར་ཨོ་རྒྱན་སངས་རྒྱས་གཉིས་པ་གུ་པདྨ་འབྱུང་གནས་ཀྱི་འཁྲུངས་སྐར་གྱི་དུས་ཚེས་ཕུན་སུམ་ཚོགས་པ་ལ་སྤྲེལ་ཟླའི་ཚེས་བཅུ་དང་འབྲེལ་རིག་འཛིན་ཀློང་གསལ་སྙིང་པོའི་གཏེར་བྱོན་པདྨ་འོད་འབར་གྱི་དཀྱིལ་འཁོར་གཉེན་པོ་ལ་བརྟེན་ནས་ཉིན་ལྔའི་ཡུན་ལ་སིདྡྷི་དུང་སྒྲུབ་འཚོགས་ཏེ། ཚེས་༡༠ཉིན་ཨོ་རྒྱན་སངས་རྒྱས་གཉིས་པའི་རྣམ་ཐར་གུ་རུ་ཆོས་དབང་གི་དག་སྣང་ལས་བརྒྱུད་པའི་སྤྲུལ་པའི་གུ་རུ་མཚན་བརྒྱད་འཆམ་རྒྱུ།

        ཚེས་༡༡དང་༡༢གཉིས་ལ་༧ཆོས་རྗེ་ཡིད་བཞིན་ནོར་བུའི་རྣམ་ཐར་འདན་སྲས་གཡུ་འོད་འབུམ་མེའི་རྟོགས་པ་གཙོ་བོ་གླེང་བ་བློ་གསལ་ཀུན་ཏུ་དགའ་བའི་ཟློས་གར་ལས། འཕྲིན་ལས་ཞི་བའི་ལས་དང་། དྲག་པོ་མངོན་སྤྱོད་ཀྱི་ལས་གཉིས་འཁྲབ་སྟོན་ལམ་ནས་འཆམ་རྒྱུ།

        ཚེས་༡༣ཉིན་དབེན་གནས་བཀྲ་ཤིས་ཁྲི་གླིང་ལ་བཟང་ངན་ལས་ཀྱིས་འབྲེལ་བ་ཐོབ་ཚད་ཀྱི་མི་དང་། སྲོག་ཆགས་གྲོག་མ་ཡན་ཆད་གཙོ་བོར་གྱུར་པའི་ཤི་པོ་རྣམས་ཀྱི་ཆེད་དུ་དམ་པ་རིགས་བརྒྱའི་གནས་འདྲེན་བསྐུར་རྒྱུ།

        ཚེས་༡༤ཉིན་སློབ་གཉེར་པ་རྣམས་ལ་མེ་སྤྲེལ་ལོའི་ལོ་འཁོར་མོ་དང་ལོ་མཇུག་གི་རྒྱུགས་འབྲས་གཟེངས་རྟགས་དབུལ་རྒྱུ།

        ཚེས་༢༦ཉིན་ཁྲག་འཐུང་བདུད་འཇོམས་རྡོ་རྗེ་དང་། ཆོས་རྗེ་ཡིད་བཞིན་ནོར་བུའི་ཕྱག་བཞེས་ལྟར་དཀར་ཕྱོགས་སྐྱོང་བའི་ཡུལ་ལྷ་གཞི་བདག་རྣམས་དང་། ཡེ་ཤེས་པའི་ཆོས་སྐྱོང་རྣམས་ལ་བསང་གསོལ་མཆོད་རྒྱུ་ལགས་སོ།།