བཀྲ་ཤིས་ཁྲི་གླིང་གི་རྩ་བའི་ཁ་ཕྱོགས།


 

  སྟོན་པ་བཅོམ་ལྡན་འདས་ཀྱིས་གསུངས་པའི་བསྟན་པ་བོད་གངས་ཅན་ལྗོངས་འདིར་དར་བའི་སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཀྱི་བསྟན་པ་ཐམས་ཅད་ལ་དག་སྣང་སྦྱོང་རྒྱུ་དང་། བསྟན་འཛིན་གྱི་སྐྱེས་བུ་རྣམས་དད་པས་གོང་བཀུར་བྱེད་རྒྱུ། དེ་བཞིན་དུ་ཐག་ཉེ་རིང་གི་དགོན་པ་གྲྭ་ཚང་གང་ཡིན་ཡང་། གཡས་དགའ་གཡོན་མཆུ་དང་། ལོག་ལྟ་སྐུར་འདེབས་མི་བྱེད་རྒྱུ་དེ་འདིར་བཞུགས་ཀྱི་དགེ་འདུན་པ་རྣམས་ཀྱིས་མ་མཐའི་ཆ་རྐྱེན་རེད། དེའི་ཐོག་ནས་བཀྲ་ཤིས་ཁྲི་གླིང་འདི་ཇི་སྲིད་གནས་ཀྱི་བར་དུ། རིག་འཛིན་རྒྱུད་པའི་གཞུང་ལུགས་དག་ལ་འཆད་རྩོད་རྩོམ་གསུམ་གྱིས་སྒྲོ་འདོགས་བཅད། ཐོས་དོན་ཉམས་སུ་བླངས་ཏེ་རང་གཞན་གྱི་ཕན་བདེ་སྒྲུབ་དགོས། ཁྱད་པར་ལས་དང་སྨོན་ལམ་གྱིས་འབྲེལ་ཆེ་བའི་དབང་གིས་མེ་ཏོག་ལྷར་བབས་པའི་ལྷ་སྐལ་གྱུར་པ། སྐྱབས་རྗེ་ཡིད་བཞིན་ནོར་བུའི་གསུང་རྣམས་ལ་འཆད་ཉན་སྒོམ་སྒྲུབ་གཙོ་བོ་བྱེད་དགོས། གནད་འདི་དག་ནི་བཀྲ་ཤིས་ཁྲི་གླིང་ཇི་སྲིད་ནམ་གནས་ཀྱི་བར་དུ་རྩ་བའི་ཁ་ཕྱོགས་ཀྱང་ཡིན། བཀྲ་ཤིས་ཁྲི་གླིང་འདི་ཉིད་ཐོག་མར་རྨང་བཏིང་བའི་སྐབས་ནས་ཀྱང་། ངས་བླ་མ་ཁོང་རིག་ལ་ལན་མང་པོའི་བར་དུ་ཞུས་མྱོང་། ཁོང་གིས་ཀྱང་ཐུགས་དགྱེས་བཞིན་དུ་བཀའ་གནང་ཐོབ་ཅིང་སྲུང་སྐྱོབ་དང་བྱིན་རླབས་གནང་ཞེས་ཡང་ཡང་གསུངས་མྱོང་བ་མ་ཟད། ཁོང་བཀྲ་ཤིས་ཁྲི་གླིང་ལ་འབྱོན་ཆོག་ཅེས་གསུངས་མྱོང་། སྤྱིར་བཏང་ད་ལྟ་ཁོང་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས་ཚུལ་བསྟན་ཟིན་ཀྱང་། ཐུགས་རྣམ་པར་མི་རྟོག་པའི་ཡེ་ཤེས་སྐད་ཅིག་ཙམ་ཡང་ང་ཚོ་དང་འབྲལ་མྱོང་ཡོད་པ་མ་རེད།  སྤྱིར་རྒྱལ་བ་རྣམས་ཀྱི་ཐུགས་རྗེའི་ཕྱག་ཟུང་དེ་ཉིད་སྡུག་བསྔལ་བའི་སེམས་ཅན་རྣམས་དང་འབྲལ་མི་སྲིད་ཅིང་། ཁྱད་པར་དུ་སྐྱབས་རྗེ་ཡིད་བཞིན་ནོར་བུ་ཁོང་གི་ཐུགས་རྗེ་དང་བྱིན་རླབས་ནི་ང་ཚོ་དང་སྐད་ཅིག་ཙམ་ཡང་འབྲལ་སྲིད་པ་མ་རེད། བླ་མ་ཡིད་བཞིན་ནོར་བུའི་སྐྱེ་བའི་ཕྲེང་བ་ཀུན་ཏུ་ཐུགས་བསྐྱེད་དང་སྨོན་ལམ་འདེབས་སའང་། རྒྱལ་བའི་ལུང་རྟོགས་ཀྱི་བསྟན་པ་དར་ཞིང་རྒྱས་པ་དང་། རིས་སུ་མ་ཆད་པའི་འགྲོ་བ་མཐའ་ལ་ཕན་བདེ་སྒྲུབ་རྒྱུ་དེ་རེད། འགྲོ་དོན་འཕྲིན་ལས་སྐྱོང་སའང་དེ་རེད། རང་ཅག་རྣམས་ནི་ལས་དང་སྨོན་གྱི་དབང་གིས་དངོས་སམ་བརྒྱུད་པས་བླ་མ་ཡིད་བཞིན་ནོར་བུའི་སློབ་འབངས་སུ་གྱུར་པ་དང་། བརྒྱུད་པ་འཛིན་པའི་གྲལ་དུ་སྐྱེས་སོང་བ་ཤ་སྟག་རེད། ང་རང་ལ་མཚོན་ན་ཆོས་འཇིག་རྟེན་གང་གི་ཕྱོགས་ནས་ཡོན་ཏན་ཆེར་མེད་ཀྱང་། ཕྲན་བུ་ཞིག་ཡོད་རྒྱུ་པོ་དེའང་གཙོ་བོ་ཁོང་གཅིག་པུའི་བཀའ་དྲིན་དང་བདག་རྐྱེན་ལས་ཐོབ་པ་ཡིན། ཐ་ན་ཟ་གྱོན་གཉིས་པོའི་ཕྱོགས་ནས་འབད་མེད་ལྷུན་གྲུབ་འབྱུང་བ་འདིའང་ཁོང་གི་ཐུགས་རྗེ་དང་བྱིན་རླབས་དྲན་བཞིན་ཡོད། རི་ཁྲོད་འདི་བཙུགས་ནས་བཟུང་སྟེ་ཕུན་སུམ་ཚོགས་པ་ཡིན་རྒྱུ་དེའང་ཁོང་གི་བཀའ་དྲིན་དྲན་བཞིན་ཡོད། རང་ངོས་ནས་ཀྱང་སྐྱེ་བ་ཚེ་རབས་ཀུན་ཏུ་ཁོང་གི་ཐུགས་བརྩེས་ནམ་ཡང་མི་འདོར་བ་རྗེས་སུ་འཛིན་པ་དང་། འཕྲིན་ལས་ཀྱི་བྱེད་པོར་མཆོག་ཏུ་འགྱུར་བའི་སྨོན་ལམ་ཡང་འདེབས་བཞིན་ཡོད། དེས་ན་ཁོང་གི་སྐུ་གསུང་ཐུགས་གསུམ་ལ་ཉམས་བཞེས་མཛད་རྒྱུ་ནི་ང་ཚོའི་འོས་འགན་དང་བགོ་སྐལ་དུ་གྱུར་ཡོད།

 

  སྤྱི་ལོ2016 ལོའི་ཟླ7ཚེས21ཉིན་གྱི་བླ་མ་རིན་པོ་ཆེ་ཤེས་རབ་བཟང་པོའི་བཀའ་སློབ་ཟིན་བྲིས་ལེགས་བསྒྲིགས་ལས་སོ།།

  


ནང་དོན་འོག་མ།དོན་གཉིས་འགྲུ