༈ དྲ་བ་སྒྱུ་མ་ཡིན་ཡང་རྒྱུ་འབྲས་བསླུ་མེད་ཡིན་པས་བབ་ཅོལ་དུ་དཔྱད་བརྗོད་སྤེལ་མི་རུང་།


 

  ཡུལ་དུས་དང་གནས་སྐབས་གང་དུའང་ཆོས་པ་རྣམས་ཀྱིས་རྒྱུ་འབྲས་བླང་དོར་ལ་ཤིན་ཏུ་གཟབ་དགོས་པ་ལས། དུས་ནམ་ཡང་རང་གི་ལུས་ངག་ཡིད་གསུམ་བག་མེད་རྒྱ་ཡན་དུ་གཏོང་མི་རུང་། བརྡ་འཕྲིན་གྱི་དུས་རབས་སུ་འབོད་པའི་སྐབས་འདིར། དྲ་བ་བེད་སྤྱོད་པ་ནི་ཁྲིམས་མཐུན་གྱི་སྟབས་བདེའི་འབྲེལ་ལམ་གལ་ཆེན་ཞིག་ཏུ་ཆགས་ཚར་བས། དྲ་བ་སྤྱོད་པ་ནི་མིའི་རིགས་ཀྱི་འཚོ་བའི་ཆ་ཤས་འབྲལ་ཐབས་མེད་པ་ལྟ་བུ་ཞིག་ཏུ་གྱུར་ཡོད་པ་རེད། ཡིན་ནའང་ཅིས་ཀྱང་གཟབ་དགོས་པ་ཞིག་ལ་དྲྭ་ཐོག་ནས་རང་གཞན་ཕུང་ཀྲོལ་བྱེད་པའི་དཔྱད་བརྗོད་སྣ་ཚོགས་ཅི་བྱུང་དུ་སྤེལ་བ་དེ་རེད། སོ་སོའི་སྐྱེ་བོ་ཞིག་ཡིན་ནས་བཟུང་སྐྱེ་བོ་གཞན་དག་དོན་ལ་ཡག་དང་བཙོག  བཟང་དང་ངན་གྱི་ཤན་འབྱེད་པའི་བློ་གྲོས་ཡོད་པ་མ་རེད་ལ་ཤན་འབྱེད་པའི་དགོས་པའང་དེ་ཙམ་མེད་པའི་ཕྱིར་ན་ཅིས་ཀྱང་བག་ཡོད་དང་དོགས་ཟོན་བྱེད་རྒྱུ་གལ་ཆེན་རེད། 

  གཞན་ཐག་རིང་ས་ནས་མི་གླེང་། བླ་རུང་སྒར་གཅིག་པུ་ལ་བསམ་བློ་བཏང་ན། ཁྲག་འཐུང་བདུད་འཇོམས་རྡོ་རྗེ་ནས་ད་ལྟའི་བར་གྱི་མི་ལོ་བརྒྱ་ཕྲག་རེ་ཟུང་གི་ནང་དུའང་། ཐབས་ཀྱི་རྣམ་པ་སྣ་ཚོགས་པའི་སྒོ་ནས་འཕགས་པའི་གང་ཟག་བགྲང་གིས་མི་ལངས་པ་ཞིག་བྱོན་མྱོང་ཡོད། དེ་དག་ལས་འགའ་ཞིག་གིས་སྐུ་ཚེ་ཧྲིལ་པོར་རང་གིས་ཡོན་ཏན་རྣམས་གཞན་ལ་མི་བརྗོད་པ་ལྟ་བུ་དང་། འགའ་ཞིག་ཆེད་དུ་མི་སྡུག་པ་དང་སྙིང་རྗེའི་ཡུལ་དང་། དགྲ་བོ་སོགས་ཀྱི་རྣམ་པར་བྱོན་པའང་ཡོད་ངེས་རེད། 

  དེས་ན་རང་རེའི་ཤིན་ཏུ་རྒོད་པའི་སེམས་འདི་ཉིད་ཀྱིས་དག་སྣང་སྦྱོང་རྒྱུ་ཤིན་ཏུ་གལ་ཆེ་བས།བྲེལ་འཚུབ་ཆེན་པོས་དེ་འཕྲལ་ཁ་ཚོན་གྱིས་སྡོམ་ཚིག་འགོད་རྒྱུ་དང་། དེ་ལས་ཀྱང་ཅི་འདོད་དུ་གཞན་ལ་གཤེ་སྐུར་སོགས་བྱེད་མི་རུང་ལ། ཡང་སྒོས་ཁྱད་པར་དུ་དགེ་འདུན་པ་ནི་ཤིན་ཏུ་ཡུལ་གཉན་པོ་ཡིན་པས་ཅིས་ཀྱང་གཟབ་དགོས་པ་རེད། དེ་ཡང་ང་ཚོ་རབ་བྱུང་བ་ལ་གཙི་བཀུར་འཐོབ་པར་བྱེད་པའི་དམིགས་ཡུལ་གྱི་སྐད་ཆ་གང་ཡང་མིན། ད་སྐབས་དྲྭ་ལམ་ཀུན་ཏུ་དཔྱད་བརྗོད་སྣ་ཚོགས་ཤིག་སྤེལ་བཞིན་ཡོད་པ་ཀུན་གྱིས་མཐོང་གསལ་ལྟར་ཡིན་པ་དང་། དེའི་ནང་ན་དགེ་འདུན་པ་ལ་སྐུར་འདེབས་ཀྱི་སྐད་ཆའང་མི་ཉུང་བ་ཞིག་འདུག  སྤྱིར་རབ་ཏུ་བྱུང་བའི་རྣམ་པ་ཅན་ཞིག་ཡིན་ནས་བཟུང་། མཆོད་བསྟོད་ཀྱི་འོས་སུ་གྱུར་པ་འབའ་ཞིག་རེད་ཅེས་བཤད་པ་མིན་ཡང་། ང་ཚོ་ལ་མ་རབས་སུ་སྣང་བ་དེ་དག་དོན་ལ་མ་རབས་ཡིན་མིན་གྱི་སྡོམ་ཚིག་ང་ཚོས་རྙེད་པར་དཀའ་ན། དེ་ཉིད་རྣམ་པ་ཀུན་ཏུ་མ་རབས་རེད་ཅེས་ཐག་གཅོད་པ་ལས་བཏང་སྙོམས་སུ་བསྐྱུར་ན་ཉེས་པ་འགོག་པའི་ཐབས་ཡིན། དེང་སང་བརྡ་འཕྲིན་གྱི་ཚ་རླབས་ཤིན་ཏུ་འཕྱུར་བའི་དབང་གིས་སྐད་ཆ་དང་ཡི་གེ་གང་ཡིན་ཀྱང་དེ་མ་ཐག་མི་བརྒྱ་སྟོང་མང་པོས་རིག་དོ་བ་དང་། སྒོས་སུ་སྙིགས་མའི་སེམས་ཅན་རྣམས་ཉོན་མོངས་ཤིན་ཏུ་སྟུག་པའི་དབང་གིས་མ་རབས་ཀྱི་ཆ་འཕྲིན་རྣམས་དེ་ལས་ཀྱང་ལྡབ་འགྱུར་གྱིས་ཁྱབ་བཞིན་ཡོད་པ་རེད། དེ་ལ་བརྟེན་ནས་མཁས་པ་དང་ཤེས་རྒྱ་ཆེན་པོ་ཅན་རྣམས་ལ་ཅིའང་གནོད་མི་ཐུབ་ཀྱང་། བླང་དོར་གྱིས་གནས་ལ་བློ་རྨོངས་པའི་སྐྱེ་བོ་མང་པོ་ཞིག་དང་ལྟ་སྤྱོད་ཟུང་མི་ཐུབ་པའི་ཨ་གསར་ཅན་མང་པོ་ཞིག་རྒྱུ་མཚན་མེད་ཀྱང་དོན་མེད་ཀྱི་སྐད་ཆ་དེ་དག་གི་རྗེས་སུ་བརྒྱུགས་ནས། དུས་ཡུན་ཐུང་ཐུང་དང་ལས་ཀ་སླ་མོ་ཞིག་གིས་རང་ཉིད་ངན་སོང་དུ་ཡུན་རིང་ལྷུང་བར་བྱེད་པའི་རྒྱུ་སྒྲུབ་བཞིན་ཡོད་པ་དང་། ཕ་རོལ་པོ་མི་ཉུང་བ་ཞིག་ལ་དམ་པའི་ཆོས་ཡང་དག་པ་ལའང་ལོག་ལྟ་སྐྱེ་རུ་འཇུག་པ་སོགས་སྡིག་ལས་རྔམ་པོ་ཆེ་བྱེད་བཞིན་འདུག་པས།ཀུན་གྱིས་བློ་རྣལ་དུ་ཕབ་ནས་འདང་རེ་བརྒྱབ་འོས་པ་མིན་ནམ། 

  གལ་ཏེ་རབ་ཏུ་བྱུང་བ་གང་ཞིག་ལ་ཁྱེད་རང་ཡིད་ཆེས་དང་དགའ་མོས་མེད་པ་དང་། གང་དེའི་སྤྱོད་ལམ་དག་རང་གི་མིག་ལ་མི་མཛའ་བ་བྱུང་ཚེ། དེ་ཉིད་ཁྱོད་ཀྱི་བླ་མ་ལ་བསྟེན་མི་དགོས་པར་མ་ཟད། ཕྱོགས་སུ་མ་བཅར་ནའང་ཆོག་པ་རེད་ལ་དེ་ལྟར་བྱེད་ཀྱང་དགོས་པ་རེད། ཡིན་ནའང་ཅིས་ཀྱང་དོན་མེད་དུ་སྐུར་འདེབས་མ་བྱེད་མ་གཏོགས།དགེ་འདུན་ནི་ཡུལ་གཞན་ལས་ཁྱད་པར་གཉན་པས་རྣམ་སྨིན་ཤིན་ཏུ་མི་སྡུག་པ་འབྱུང་བ་གདོན་མི་ཟ། དོན་འདི་ཉིད་སྐྱབས་རྗེ་ཡིད་བཞིན་ནོར་བུས་ཀྱང་རྩལ་དུ་བཏོན་ནས་མང་པོ་གསུངས་མྱོང་བ་རེད། 

  མཚམས་འདི་ནས་ངས་ཁྱོད་ཚོ་ལ་བླ་རུང་སྒར་གྱི་རབ་བྱུང་ཞིག་གི་ལོ་རྒྱུས་ཤིག་ཞུ་དྲན་བྱུང་། དེ་གང་ཡིན་ཟེར་ན། རབ་བྱུང་དེ་ལ་ཨ་འབུ་རིག་རྡོ་ཟེར་བ་རེད། བླ་རུང་སྒར་གྱི་སློབ་མ་རྙིང་པ་ཚོས་ཧ་གོ་བ་རེད། ཁོང་གིས་ཆོས་རྗེ་ཡིད་བཞིན་ནོར་བུ་ལ་མི་ལོ་བཅུ་ཕྲག་ལྷག་ཏུ་བླ་མ་བསྟེན་ཅིང་། བླ་མ་ལ་དད་པ་ཧ་ལས་ཡོད་དར། ཡིན་ནའང་སྤྱོད་ཚུལ་རྣམས་ཆོས་འགལ་ལྟ་བུ་མང་ཙམ་གནས་ཕྱིར། དགེ་བསྐོས་མན་ཆོད་ཁོང་གི་དོན་ལ་དབུ་གཟེར་ནས་བཞུགས་ཡོད་པ་རེད། 

  ལོ་འགའི་སྔོན་དུ། ཨ་འབུ་རིག་རྡོ་སྐྱ་སར་བབ་ཏེ་ཕྱིར་ཕ་ཡུལ་ཟླ་ཐ་མ་རུ་ལོག་པ་དང་། ཆུང་མ་བླངས་པ་མ་ཟད་བུ་ཕྲུག་ཀྱང་ཡོད་པར་གྱུར། སྣང་ཚུལ་དེ་རིག་དུས་ཁོང་གི་མཆེད་གྲོགས་མང་པོས་བླ་བཙག་དང་ངན་སྨོད། སུན་འབྱིན་མི་ཉུང་བ་བྱས་ཡོད་ས་རེད། སྐོར་ཅིག་ལ་རིག་རྡོས་ང་ཤི་ན་མགོ་ཐུར་དུ་བསྟན་ནས་ལྷུང་རྒྱུ་མ་གཏོགས་ཡོད་རྒྱུ་མ་རེད་ཅེས་སྨྲས་པ་ལ། གཞན་རྣམས་ཀྱིས་རིག་རྡོ་ལ་ཁྱོད་ལ་ནུས་མཐུ་མེད་ན་མེད་པ་རེད་གཏོགས། ཡོད་ན་ཅིས་ཀྱང་ཤི་ལུགས་མ་འདྲ་བ་ཞིག་གྱིས་མ་གཏོགས་ཁྱོད་ལ་འཕྱ་སྨོད་སོགས་ཁ་ཟེར་བ་འབྱུང་ངེས་རེད་ཅེས་སུན་ཕྱུང་། དེ་ལ་རིག་རྡོས་དེས་ན་ངས་ཁྱོད་ཚོས་བསྐུལ་བ་ལྟར་ཨི་འགྲུབ་བལྟ་ཆོག་ཅེས་ལན་བཏབ་པས། ཐམས་ཅད་ཀྱིས་སྟོང་གཏམ་ལབ་བྱུང་བསམས་ནས་ཁོང་དགོད་ཤོར་བ་རེད་ཟེར། 

  ན་ནིང་(2007)དཔྱིད་ཀ་ཙམ་ལ་ཨ་འབུ་རིག་རྡོ་ལུས་ཁམས་མི་བདེ་བ་ལྟར་བྱུང་ཡང་། ནུབ་ཅིག་ཁོའི་རྨི་ལམ་དུ་བླ་མ་ཡིད་བཞིན་ནོར་བུ་ཕེབས་ནས། བླ་མས་ཁོ་ལ་སྤྲུལ་པའི་གུ་རུ་འབུམ་ཐེར་ཞིག་ཐོན་དང་མི་མཐུན་པའི་བར་ཆད་རྣམས་དབྱིངས་སུ་ཞི་བར་འགྱུར་ཞེས་གསུངས་པ་རྨིས། དེ་ནས་ཁོས་ཀྱང་བླ་མའི་བཀའ་བཞིན་སྤྲུལ་པའི་གུ་རུ་འབུར་ཐེར་གཅིག་འདོན་གྲུབ་པར་བྱས་རྗེས། སླར་ཡང་ཁོའི་རྨི་ལམ་དུ་བླ་མ་ཡིད་བཞིན་ནོར་བུ་ཕེབས་ནས་ད་ཁྱོད་རང་ཁོང་བཞུགས་སར་ཕེབས་ཤོག་ཅེས་གསུངས། 

  དེའི་ཕྱི་ཉིན། རིག་རྡོས་རང་གི་རྨི་ལྟས་རྣམས་ཆུང་མ་ལ་ཇི་བཞིན་བསྙད་པ་དང་། མི་རིང་བར་ཁོ་རང་ཚེ་འཕོས་ནས་འཇིག་རྟེན་གཞན་དུ་འགྲོ་རན་ཀྱང་ཆགས་ཞེན་དང་འཁྲི་བ་གང་ཡང་མེད་ཚུལ་ཀྱང་སྨྲས། ཉིན་འགའི་རྗེས་སུ། ཁོས་རང་ཁྱིམ་དུ་དགེ་འདུན་གཞན་གདན་དྲངས་ནས་རྫོགས་པ་ཆེན་པོའི་གཞི་ལམ་འབྲས་བུའི་སྨོན་ལམ་གསུངས་སུ་བཅུག་ནས་ཉིད་ཀྱིས་སྒོམ་བརྒྱབས། སྨོན་ལམ་ཚར་གཅིག་མཇུག་གྲུབ་དུས། ད་རུང་ང་མ་ཤི་ཐལ། ཡང་བསྐྱར་ཚར་གཅིག་ཐོན་ཞེས་གསུངས། སྨོན་ལམ་ཚར་གཉིས་པའི་སྐབས་སུ་ཨ་འབུ་རིག་རྡོ་སྐུ་གཤེགས་པ་དང་། དེ་ལས་ཀྱང་ངོ་མཚར་བ་ཞིག་ལ་ཉི་མ་གསུམ་གྱི་བར་དུ་སྐུ་གདུང་དཀྱིལ་མོ་དཀྲུང་དུ་དྲང་མོར་བཞུགས། ཉིན་གསུམ་པར། ཡུལ་དེའི་རྨ་སྤྲུལ་རྡོར་ལོ་གདན་དྲངས་ནས་བར་དོའི་ཐོས་གྲོལ་གཏོན་ཅིང་། ཅུང་མ་འགོར་བར་གློ་བུར་སྒྲ་ཆེན་པོ་ཞིག་གྲག་པ་དང་ལྷན་དུ་བཟོད་སྔར་གྱི་བཞུགས་ཚུགས་མལ་དུ་འགྱེལ། ཉིན་འགའི་རྗེས་སུ། ཁོང་གི་སྐུ་ལུས་ཇེ་ཆུང་དུ་གྱུར་ཏེ། གདུང་བཞུ་བའི་སྐབས་སུ། ངོ་མཚར་བའི་རྟགས་མཚན་དུ་མ་ཀུན་གྱི་མཐུན་སྣང་དུ་གྱུར་པས་ཐམས་ཅད་ཡ་མཚན་དང་དད་པའི་གནས་སུ་གྱུར་པ་དང་། སྔོན་ཁོང་ལ་སྐུར་འདེབས་དང་མཚང་འབྲུ་བྱེད་མཁན་རྣམས་ནི་ནང་འགྱོད་ཆེན་པོ་སྐྱེས་ཀྱང་། དངོས་སུ་ཁོང་གི་མདུན་ནས་འགྱོད་བཤགས་དང་སྡོམ་སེམས་སོགས་ཞུ་བའི་སྐབས་ཤོར་ཟིན་པས་སྔར་བྱས་ཀྱི་ཉེས་པ་ལ་འགྱོད་པ་ཡང་ཡང་ཤོར། 

  དེ་བཞིན་དུ། རྒྱ་གར་གྱི་གྲུབ་ཆེན་བརྒྱད་ཅུ་ལྟ་བུའི་འཕགས་པའི་གང་ཟག་ཆེན་པོ་རྣམས་ཀྱང་། སྣང་ཚུལ་ལ་མིག་ལ་མི་མཛའ་བ་དང་། མཚང་བྲུས་ནའང་ལོས་ཆོག་བསམ་ས་ལྟ་བུ་འབའ་ཞིག་ཡིན་པས། གལ་ཏེ་ཁོང་རྣམས་པ་ད་ལྟའི་དུས་སྐབས་ལ་བྱོན་པའི་དབང་དུ་བཏང་ན། མི་ཤེས་པ་མང་པོ་ཞིག་གིས་གང་བྱུང་དུ་དཔྱད་བརྗོད་སྤེལ་སྲིད་པ་དེ་འདྲ་ཤ་སྟག་རེད་ཀྱང་། འཕགས་པའི་གང་ཟག་ཁོང་ཚོ་ལྟ་བུ་ལ་གཤེ་སྐུར་བྱས་པ་ཡིན་ན་ཇི་ལྟ་བའི་རྣམ་སྨིན་ཡོད་པ་དེ་བསམ་བློ་མ་བཏང་ཡང་ཕལ་ཆེར་ཤེས་ས་རེད། དེའི་ཕྱིར་ན་བླ་མ་མི་ཕམ་གྱིས་ཀྱང་། མ་རིག་པ་ཡིས་གཟུགས་ལའང་མི་རིག་ན། །ཐེ་ཚོམ་ཟ་བའི་ཆོས་ལ་སྨྲོས་ཅི་དགོས། །དེ་ཕྱིར་བཏང་སྙོམས་བཞག་ན་ཉེས་པ་མེད། །ཅེས་གསུངས་པ་རེད།  

  གཞན་ཡང་། སྔོན་རྡོ་གྲུབ་རྒན་བྱང་ཆུབ་རྡོ་རྗེ་དང་འཇིགས་མེད་རྒྱལ་བའི་མྱུ་གུ་གཉིས་ཀྱིས་ཡུན་རིང་པོའི་བར་དུ་རིག་འཛིན་འཇིགས་མེད་གླིང་པའི་སྐུ་མདུན་ནས་ཆོས་གསན། སྐབས་ཤིག་ལ་རིག་འཛིན་འཇིགས་གླིང་གིས་ངས་ཆོས་ཡོད་ཚད་བུམ་པ་གང་བྱོའི་ཚུལ་དུ་བཤད་ཟིན། དེས་ན་ཁྱོད་གཉིས་པོ་ཕྱིར་ལོག་ལ་དམ་པའི་ཆོས་ཉམས་ལེན་དང་འཛིན་སྤེལ་ལ་འབད་པ་བྱོས། དེའི་སྔོན་དུ་ཁྱོད་གཉིས་ཆེ་ཡོལ་རིག་འཛིན་ཆེན་པོའི་མདུན་དུ་ཚེ་དབང་ཞིག་ཞུ་སར་སོང་དང་ཚེ་ལ་བར་ཆད་མི་འོང་བར་ཕན་པ་ཡོད། ད་ཕན་འུ་དཔོན་སློབ་ཕྱིར་ཞིང་ལྷན་དུ་ཐུག་སྐབས་ཨི་ཡོད་མི་ཤེས་གསུངས་པས། ཁོང་གཉིས་ཐུགས་ཐུགས་སྐྱོའི་སྤྱན་ཆབ་ཉི་ལེ་དང་བཅས་བླ་མ་དང་ཁ་བྲལ། 

  དེ་ནས་བྱང་ཆུབ་རྡོ་རྗེ་དང་རྒྱལ་བའི་མྱུ་གུ། རྡོ་གྲུབ་འཇིགས་མེད་འོད་ཟེར་བཅས་ཆེ་ཡོལ་རིག་འཛིན་ཆེན་པོ་བཞུགས་སར་སླེབས་དུས། ཁོང་ཚོས་ཀུན་མཁྱེན་འཇིགས་གླིང་གིས་ཁྱེད་སར་དབང་ཞུ་བར་མངགས་བྱུང་ཞེས་ཇི་བཞིན་ཞུས་པས་གཟོད་ཁོང་ཅག་ལ་དབང་ཞུ་ཆོག་པའི་བཀའ་ཐོབ། རིག་འཛིན་ཆེན་པོས་གོ་ཡོག་ལ་ལྷམ་སྒྲོག་དཀྲིས་ནས་ཚེ་མདའ་བྱས། ཚེ་བུམ་གྱི་ཚབ་ཏུ་ཆབ་རྫ་བྱས། ཆབ་རྫའི་ནང་གི་གཙང་ཆབ་ཀྱིས་བདུད་རྩི་བྱས་ཏེ་ཁོང་གསུམ་ལ་བླུད། ཁོང་རྣམ་པས་ཀྱང་རང་གི་བླ་མའི་བཀའ་དང་སྔགས་པའི་ནུས་པ་ཁུ་འཕྲིག་ཅུང་ཟད་ཀྱང་མེད་པར་ལག་ཁྱོར་བཟེད་པ་མ་ཟད། རྡོ་གྲུབ་རྒན་བྱང་ཆུབ་རྡོ་རྗེས་ཆབ་རྫ་མགོ་སྒོར་བརྒྱབས་ཏེ་ཅུང་ཟད་ཀྱང་མ་ལུས་པར་བཏུང་རྔ་ཕུད་པ་རེད་གསུངས་འདུག དེའི་རྒྱུ་མཚན་ལ་བརྟེན་ནས་ཁོང་ཚོ་ཚང་མ་སྐུ་ཚེའི་ཞབས་པད་ཡུན་རིང་དུ་བརྟན་པ་དང་། ཁྱད་པར་བྱང་ཆུབ་རྡོ་རྗེས་སྤྱིར་ང་རང་འདི་འདྲའི་ཡུན་རིང་འདུག་འདོད་མེད་ཀྱང་། སྔོན་ཆེ་ཡོལ་རིག་འཛིན་ཆེན་པོས་གནང་བའི་བདུད་རྩི་བཏུང་བ་མང་དྲགས་པས། ད་ནི་མགྱོགས་པ་ཤི་བསམས་ཀྱང་ཤི་མི་ཐུབ་པ་འདི་འདྲ་ཞིག་ཏུ་གྱུར་འདུག་ཅེས་ཡང་ཡང་གསུངས་པ་རེད། 

  ངས་གཏམ་རྒྱུད་ཚན་པ་དེ་གཉིས་ཞུ་དགོས་པའི་རྒྱུ་མཚན་གང་ཡིན་ཞེ་ན། གང་ཟག་གི་ཚོད་གང་ཟག་གིས་གཟུང་བར་མི་བྱ། བཟུང་ན་ཉམས་པ་འགྱུར་ཏ་རེ་ཞེས་རྒྱལ་བ་རྡོ་རྗེ་འཆང་གི་གསུངས་པ་དེ་བཞིན་རེད། དངོས་གནས་བཟང་ངན་འབྱེད་ཐུབ་མཁན་ཞིག་གིས་ཤན་ཕྱེས་ན་སྐྱོན་མི་འདུག དེ་བཞིན་དུ་བཟང་ངན་ཤན་ཕྱེས་པ་དེ་དོན་ཐོག་ལ་ཁེལ་སོང་ནའང་སྐྱོན་མི་འདུག  ཡིན་ནའང་ཅིའང་མི་ཤེས་བཞིན་དུ་གྱ་ཚོམ་དང་བལ་ཅོལ། ཚོད་ཚོད་ཀྱི་སྒོ་ནས་སྒྲོ་སྐུར་སྣ་ཚོགས་བྱེད་པ་ནི་ཕྱོགས་གཅིག་ནས་རང་གི་ནང་ཉམས་མངོན་པར་སྟོན་བྱེད་དང་། གཉིས་སུ་རང་ཉིད་ལ་རྣམ་སྨིན་ཡིད་དུ་མི་འོང་བ་འབྱུང་བྱེད་དང་། གསུམ་དུ་ལྟ་སྤྱོད་ཟུང་མི་ཐུབ་པའི་བོ་མི་ཉུང་བ་ཞིག་ལོག་ལམ་དུ་འཁྲིད་བྱེད་བཅས་ཡིན་ན། ཅིས་ཀྱང་རང་གཞན་ཕུང་ཀྲོལ་བྱེད་པའི་ལས་ངན་པ་དེ་དག་རིང་དུ་སྤོང་དགོས། 

  སངས་རྒྱས་ཆོས་དང་དགེ་འདུན་ཏེ་བསླུ་བ་མེད་པའི་དཀོན་མཆོག་རྣམ་པ་གསུམ་པོ་ནི་རང་ཅག་གི་འཕྲལ་ཡུན་གྱི་ཕན་བདེའི་སྐྱབས་གནས་གཅིག་པུར་ངེས་སྟབས། དེ་དག་ལ་རྣམ་པ་ཀུན་ཏུ་ཐར་བའི་ལམ་སྟོན་དང་ཐར་བའི་ལམ། ཐར་བར་བགྲོད་པའི་བློས་ཐུབ་ཀྱི་ནང་གྲོགས་བཅས་སུ་འདུ་ཤེས་དགོས་པ་ལས། རང་གི་ཤིན་ཏུ་རྨོངས་པའི་རྣམ་རྟོག་ཉི་ཚེ་བ་ཙམ་གྱིས་དཀོན་མཆོག་གསུམ་ལ་གང་བྱུང་དུ་སྐུར་འདེབས་དང་དགག་པ་བྱས་ན། ཁམས་གསུམ་སེམས་ཅན་བསད་ལས་སྡིག་ཆེ་བ། ། ཞེས་ཆགས་མེད་བདེ་སྨོན་སོགས་སུ་གསུངས་པའི་རྣམ་སྨིན་དེ་ཉིད་ཤིན་ཏུ་ཚབས་ཆེན་ཡིན་པ་སྨྲོས་མ་དགོས་ཀྱང་། ཐ་ན་སྐྱབས་འགྲོའི་སྡོམ་པ་ཙམ་ཡང་རྒྱུད་ལ་ཆགས་ཡོད་ཟེར་དགོས་ན་དཀའ་མོར་གྱུར་ཡོད་པ་རེད། 

  རྒྱུ་མཚན་དེའི་ཕྱིར་ན། དམ་པ་ལྷ་ལུགས་དང་འཇིག་རྟེན་མི་ལུགས་གང་ལ་བསམ་བློ་བཏང་ཡང་། རང་གི་ལུས་ངག་ཡིད་གསུམ་གྱི་བྱ་བ་རྣམས་རྟ་རྒོད་ཀྱི་ཁ་ལོ་བཞིན་དུ་རྒྱ་ཡན་མི་གཏོང་བར་བག་ཡོད་པར་བྱས་ནས། ཤེས་རབ་དྲི་མ་མེད་པའི་གནས་ལ་ཡང་དག་པར་འཇུག་པ་ཤིན་ཏུ་གལ་ཆེ་ཞེས་ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུ་སོགས་དམ་པའི་སྐྱེས་བུ་རྣམས་ཀྱིས་མགྲིན་དབྱངས་གཅིག་ཏུ་སྨྲ་བ་ཡིན་པས། རང་ཉིད་ཡ་རབས་སུ་འགྱུར་བ་འདོད་པ་རྣམས་ཀྱིས་ནི་དོན་ཉམས་སུ་ལེན་རྒྱུ་མ་ཡོ་མ་འཆུག་ཅེས་ཞུ་བ་ཡིན།

 

   སྤྱི་ལོ2008ལོའི་ཟླ8ཚེས23ཉིན་མཁན་ཆེན་དམ་པ་ཤེས་རབ་བཟང་པོས་གསུངས་ཤིང་། སློབ་བུས་ཟིན་བྲིས་སུ་བསྟར་བ་དགེ་ལེགས་འཕེལ།

  


ནང་དོན་འོག་མ།དོན་གཉིས་འགྲུ