༄༅། །ཕུར་པ་ཡང་གསང་ཁྲོས་པའི་སྒོ་ནས་སྨིན་སྒྲུབ་བསྐྱངས་པའི་མྱོང་གྲོལ་བདུད་རྩི་ཆོས་སྨན་གྱི་དཀར་ཆག་དང་ཕན་ཡོན་ཉུང་བསྡུས།


  ལྷོ་ནུབ་འོ་མ་ཅན་གྱི་མཚོ་གླིང་ན།།

  སྐྱོན་བྲལ་མེ་ཏོག་པདྨའི་སྡོང་པོའི་རྩེར།།

  ངོ་མཚར་རྫུས་སྐྱེས་རང་བྱུང་སྤྲུལ་པའི་སྐུ།།

  མཚོ་སྐྱེས་རྡོ་རྗེ་སྙིང་དབུས་པདྨོར་རོལ།།

 

  མཁའ་འགྲོའི་གསང་མཛོད་གསང་བའི་བརྡ་རིས་ཀུན།།

  ཚུལ་བཞིན་ཁྲོལ་ལ་དགའ་རབ་དཔའ་བོ་དངོས།།

  ཟབ་མོའི་གཏེར་འབྱིན་བྱེ་བའི་གཙུག་གི་རྒྱན།།

  ལས་རབ་གླིང་པའི་ཞབས་རྡུལ་སྤྱི་བོར་བསྙེན།།

 

  གདོད་ནས་ཆོས་ཟད་གཉུག་མའི་གཞི་ཀློང་དུ།།

  ཡེ་གྲོལ་རིག་པའི་རྒྱལ་སར་དབང་འབྱོར་ཏེ།།

  སྡེ་གསུམ་ཀློང་དགུའི་མན་ངག་ལེགས་འདོམས་པའི།།

  ཡབ་གཅིག་ཆོས་རྗེ་བླ་མར་དད་ཕྱག་བརྩེགས།།

 

  དེ་ལ་འདིར་བོད་རབ་བྱུང་བཅུ་བདུན་པའི་ཆུ་སྦྲུལ་ལོ་སྟེ་སྤྱི་ལོ2013ལོར་དབེན་གནས་བཀྲ་ཤིས་ཁྲི་གླིང་དུ་ཁྲིམས་ལྡན་ངུར་སྨྲིག་འཛིན་པའི་འདུས་སྡེ་ཉིས་བརྒྱ་ལྷག་གིས་ཞག་བཅུ་གཉིས་ཙམ་དུ་ཕུར་པ་ཡང་གསང་ཁྲོས་པའི་སྒོ་ནས་སྨིན་སྒྲུབ་བསྐྱངས་པའི་མྱོང་གྲོལ་བདུད་རྩི་ཆོས་སྨན་གྱི་དཀར་ཆག་བཏབ་པ་དང་། ཕན་ཡོན་བསྟན་པ་གཉིས་ལས།

 

ལྕགས་མདུད་བླ་མ་ཨ་འཇམ་དང་ལྷན་དུ།

 

  དང་པོ་དཀར་ཆག་ནི།  དེའང་བཟང་དྲུག་སོགས་སྨན་རྫས་རྣམས་གཞུང་ནས་གསུངས་པ་བཞིན་ལེགས་འཛོམས་ཁར། སྟོན་པ་བཀའ་དྲིན་ཅན་གྱི་རིང་བསྲེལ། ཨོ་རྒྱན་ཡབ་ཡུམ་གྱི་བྱང་སེམས་དཀར་དམར། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་ཤངས་མཚལ།རིག་འཛིན་ཉེར་གཅིག་གི་བྱང་སེམས། སྒྲ་གཅན་འཛིན་གྱི་རིང་བསྲེལ། གུ་རུ་ཆོས་དབང་གི་སྐུ་ཤ་དང་གདུང་རུས། ཨོ་རྒྱན་གླིང་པའི་སྐུ་ཤ  སངས་རྒྱས་གླིང་པའི་ཐུགས། རཏྣ་གླིང་པའི་ཕྱག་འཛུབ་རིལ་བུ། ས་ཆེན་གྲགས་པ་རྒྱལ་མཚན་གྱི་གདུང་རུས། ས་སྐྱ་པཎ་ཆེན་གྱི་དབུ་ཐོད།ཀརྨ་པ་དེ་བཞིན་གཤེགས་པའི་གདུང་རུས། ཀུན་མཁྱེན་ཀློང་ཆེན་པའི་དབུ་ཀླད་དང་སྐུ་ཤ  ཀུན་མཁྱེན་ཆེན་པོའི་གདུང་རུས། འཇིགས་མེད་གླིང་པའི་སྐུ་ཤ  སྨིན་གླིང་གཏེར་ཆེན་འགྱུར་མེད་རྡོ་རྗེའི་སྐུ་ཤ་དང་སྨན་སྒྲུབ་རིལ་བུ། སྨིན་གླིང་ལོ་ཆེན་གྱི་སྐུ་ཤ   མཁྱེན་བརྩེའི་དབང་པོའི་རྟེན་སྒམ་ལས་བྱུང་བའི་བྲམ་ཟེ་སྐྱེ་བདུན་གྱི་རིང་བསྲེལ་དང་གཏེར་བྱོན་རྡོར་སེམས་རིལ་བུ། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་གདུང་རུས། པདྨ་བདུད་འདུལ་གྱི་ཤངས་མཚལ་དང་གཏེར་བྱོན་འཛམ་བུའི་ཆུ་གསེར། པདྨ་བདུད་འདུལ་གྱི་གཏེར་བྱོན་ངན་སོང་རང་གྲོལ། ཀཿཐོག་སི་ཏུའི་རྒྱུད་ཕུར་གྱི་སྨན་སྒྲུབ། གསང་སྔགས་གླིང་པའི་གདུང་རུས། སྤྲུལ་པའི་གཏེར་ཆེན་ལས་རབ་གླིང་པའི་གདུང་རུས་དང་ཤངས་མཚལ། ལས་གླིང་གཏེར་བྱོན་ཕྱག་རྡོར་རིལ་བུ་དང་གཏེར་བྱོན་རྡོར་སེམས་རིལ་བུ། གཏེར་ཆེན་ལས་རབ་གླིང་པའི་གཏེར་རྫས་ཆ་ཚང་གི་རིལ་བུ་དང་སྨན་སྒྲུབ་འཇའ་ཟུག་མ། ལས་གླིང་རྟེན་སྒམ་ལས་བྱུང་བའི་ཡི་དམ་དགོངས་འདུས་རྟ་མཆོག་རོལ་པ་བསྒྲུབས་པའི་སྨན་སྒྲུབ། ལས་གླིང་ཉིད་ཀྱིས་བསྒྲུབས་པའི་ཡོངས་རྫོགས་འདུས་པའི་སྨན་སྒྲུབ། ལས་གླིང་དང་སྤྲུལ་དྲི་མེད་རྣམ་གཉིས་ཀྱིས་བཀའ་བརྒྱད་ཁྲོ་རོལ་ལན་གཉིས་བསྒྲུབས་པའི་སྨན་སྒྲུབ།  ༧ཆོས་རྗེ་ཡིད་བཞིན་ནོར་བུའི་སྐུ་ཚེ་ཧྲིལ་པོར་སྒྲུབ་རྟེན་གྱི་རྟེན་འདུས་རིལ་བུ། ༧ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུ་གཙོས་བླ་རུང་འདུས་སྡེ་ཡོངས་ཀྱིས་མགོན་པོ་དུང་བཅུ་བསྒྲུབས་པའི་སྒྲུབ་གཏོར།

  ༧ཆོས་རྗེ་ཡིད་བཞིན་ནོར་བུས་སྲེད་མེད་བུའི་ཕུག་པའི་ནང་དུ་བླ་མ་ཨ་འཇམ་ལ་བདུད་རྩི་ཆོས་སྨན་གྱི་ཕབས་རྟར་བསྩལ་པའི་བྱིན་རྫས། བླ་རུང་ཆོས་ཀྱི་གྲོང་ཁྱེར་གྱི་འཇམ་དབྱངས་སྒྲུབ་རྟེན་སྐུ་བྱིན་ལྡན་གྱི་ཆག་དུམ། བླ་རུང་གི་སྒྲུབ་གཏོར་སྣ་ཚོགས། ལས་གླིང་གསང་ཡུམ་མཁའ་འགྲོ་མ་བསོད་ནམས་སྒྲོལ་མའི་གདུང་རུས། མཁན་པོ་ངག་ཆུང་གི་གདུང་རུས། མཁན་པོ་ངག་ཆུང་གིས་སྒྲུབ་པའི་སྨན་སྒྲུབ། སྤྲུལ་ཆོས་རྡོར་གྱི་གདུང་རུས། ལྕགས་མདུད་ཤེས་རབ་རྒྱ་མཚོའི་གདུང་རུས། མཁན་པོ་ཚེ་དབང་འགྱུར་མེད་ཀྱི་རིང་བསྲེལ། དིལ་མཁྱེན་རྡོ་རྗེ་འཆང་བཀྲ་ཤིས་དཔལ་འབྱོར་གྱི་གདུང་རུས་སོགས་སྲིད་ན་དཀོན་པའི་རྟེན་རྫས་དང་། གཞན་ཡང་རི་བོ་རྩེ་ལྔའི་ཆུ་བོ་ཡན་ལག་བརྒྱད་ལྡན་དང་རྟེན་རྫས་སྣ་ལྔ། རྩྭ་ཀུན་ཏུ་བཟང་པོ་བཅས་བཞུགས་པ་ལགས་སོ། །དེའང་རྟེན་འདི་རིགས་ནི། སེལ་མེད་ཀྱི་ཕྱག་ནས་བརྒྱུད་པ་དང་ཁུངས་ལྡན་ཁོ་ན་ཡིན་གྱི་དེ་ལས་ལྡོག་ཕྱོགས་ཀྱི་དྲི་ཙམ་ཡང་མི་བྲོ་བས་དད་ལྡན་ཀུན་གྱིས་ཡིད་ཆེས་ཀྱི་གནས་སུ་རུང་ངོ་། །

 

སྐྱེས་རབས་ལྷ་ཁང་དུ་སྨན་སྒྲུབ་སྒྲུབ་བཞིན་པ།

 

  གཉིས་པ་ཕན་ཡོན་ནི། ཕུར་པ་ཡང་གསང་ཁྲོས་པའི་གཏེར་གཞུང་གི་མཇུག་ཏུ། ཕན་ཡོན་བསྟན་པ་ནིཿདེ་ལྟར་བསྒྲུབས་པའི་ཁྱད་པར་ཅན་གྱི་དམ་རྫས་དུས་སུ་བསྟེན་པས་ཕྱི་ལུས་ཀྱི་ནད་གདོན་ནང་ཉོན་མོངས་རྣམ་རྟོག་གསང་བ་དམ་ཚིག་ཉམས་ཆག་རྣམས་ཞི་ཞིང་སོར་ཆུད་པར་འགྱུརཿཕྱི་ལུས་ཀྱི་སྟོབས་དང་མདངས་ནང་དགེ་བའི་བསམ་པ་ཁྱད་པར་ཅན་སྤྱན་དང་མངོན་ཤེས་ལ་སོགས་ཡོན་ཏན་གསང་བ་རང་བྱུང་གི་ཡེ་ཤེས་རྟོགས་པར་འགྱུར་ཞིང་ཉམས་རྟོགས་གོང་དུ་འཕེལ་ལོཿབླ་མ་རིག་འཛིན་རྣམས་དགྱེས་པས་བྱིན་རླབས་རྒྱུད་ལ་ཞུགསཿཡི་དམ་ལྷ་ཚོགས་དགྱེས་པས་དངོས་གྲུབ་ཐོབཿམཁའ་འགྲོ་དམ་ཅན་རྣམས་དགྱེས་པས་ཕྲིན་ལས་རྩོལ་མེད་དུ་འགྲུབཿལྷ་སྲིན་དྲེགས་པ་ཅན་རྣམས་ཀྱིས་བཀའ་ཉན་ལས་བྱེད་པར་འགྱུར་རོཿའདི་ཉིད་ཀྱི་རྒྱུད་ལས་ཀྱངཿབཞི་བརྒྱ་རྩ་བཞིའི་ནད་སེལ་ཞིངཿདྭངས་མའི་གསོས་སྨན་འཆི་མེད་འགྲུབཿསྐྲ་དཀར་གཉེར་མ་མེད་པ་དངཿསྟོབས་དང་གཟི་བརྗིད་ཤེས་རབ་དངཿཡེ་ཤེས་འཕེལ་བས་བདུད་ལས་རྒྱལཿམཐར་ཐུག་འབྲས་བུ་མཆོག་ཉིད་ལཿའདི་ཡིས་ཐེ་ཚོམ་མེད་པར་སྦྱོརཿདེ་ཕྱིར་མཁས་པས་དང་དུ་བླངཿཞེས་གསུངས་སོཿས་མ་ཡཿརྒྱ་རྒྱ་རྒྱཿབདག་འདྲ་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་བཀོད་པའོཿསྐལ་ལྡན་ལས་འཕྲོ་ཅན་རྣམས་དང་འཕྲད་པར་ཤོགཿགུ་ཧྱཿདཔའ་བོ་ལས་རབ་གླིང་པའི་གཏེར་མའོཿཞེས་དང་། གཞན་ཡང་། ཡང་གསང་ཁྲོས་པའི་ཟུར་བཀོད་ལས། ཚེ་དང་སྐོང་དང་ཡིད་དུ་འོང་། །བགེགས་རྣམས་ཞི་བ་ལ་སོགས་ཏེ། །ནད་དང་བྲལ་ནས་ཅི་འདོད་པའི། །ཡོན་ཏན་བརྒྱ་རྩ་བརྒྱད་འདིས་ཐོབ། །ཅེས་དང་། དཔལ་ཨོ་རྒྱན་ཆེན་པོའི་ཞལ་ནས། རྣལ་འབྱོར་པའམ་སུས་ཟོས་ཀྱང་།། ཕྱི་ཡི་ནད་གདོན་སྡིག་སྒྲིབ་བྱང་། །ནང་གི་བསྐྱེད་རིམ་ཏིང་འཛིན་གསལ། །གསང་བར་རང་རིག་ཆོས་སྐུ་རྟོགས། །ཉམས་དང་ལྷག་ཆད་མ་ལུས་སྐོང་། །འཆང་བས་དུས་མིན་འཆི་བ་བཟློག །ཟོས་པས་དུག་ཀྱང་འཇིལ་བར་ནུས། །བྱུག་པས་ནད་གདོན་མ་ལུས་སེལ། །བསྲེག་པས་གདོན་བགེགས་མ་ལུས་བྲོས། །འདི་ཉིད་སྒྲུབ་པའི་གནས་དེ་ཡང་། །དུར་ཁྲོད་བསིལ་བའི་ཚལ་དང་མཚུངས། །དཔའ་བོ་མཁའ་འགྲོ་ཐམས་ཅད་འདུ། །ས་ཕྱོགས་བྱིན་དང་ལྡན་པར་འགྱུར། །ཆར་ཆུ་འབེབས་ཤིང་ལོ་ཕྱུགས་ལེགས། །གང་སྒྲུབ་ས་ཡི་གནས་དེ་རུ། །སུ་བསྡད་མི་ལ་ཏིང་འཛིན་འཆར། །ནམ་ཞིག་ཚེ་ཡི་དུས་བྱས་ཚེ། །ཕོ་མོ་བཟང་ངན་མེད་པ་རུ། །རིག་འཛིན་རྒྱལ་བའི་ས་ལ་གནས། །དེ་ཕྱིར་མཆོག་གི་དམ་རྫས་སོ། །ཞེས་གསུངས་ཤིང་། གཞན་ཡང་ཕན་ཡོན་ཚད་མེད་པ་རྒྱུད་དང་སྒྲུབ་ཐབས་ཐམས་ཅད་ནས་ཡང་ཡང་གསུངས་པ་ལགས་སོ། །ལས་གླིང་པས་སོ། །ཞེས་པ་སོགས་ཕན་ཡོན་མཐའ་ཡས་སོ། །

 

སྨན་སྒྲུབ་རིལ་བུ་དྲིལ་བཞིན་པ།

 

  སྨྲས་པ།

  མཐོང་བ་བརྒྱུད་པའི་མན་ངག་སྙིམ་པ་ཡིས། །

  ཉེ་བར་བསྐྱངས་པའི་མྱོང་གྲོལ་ཆོས་སྨན་འདིས། །

  སྲིད་པའི་རིམས་ནད་མཐའ་དག་གཏན་བཅིལ་ཏེ། །

  འགྲོ་རྣམས་ཀུན་བཟང་རྒྱལ་སར་དབུགས་དབྱུང་ཤོག །

  ཅེས་པ་འདི་ནི་ཆུ་སྦྲུལ་ལོའི་ཟླ་བརྒྱད་པའི་ཚེས་༡༡ཉིན་དབེན་གནས་བཀྲ་ཤིས་ཁྲི་གླིང་ནས་ཤེས་རབ་བཟང་པོས་སྦྱར་བའོ།། །།མངྒ་ལཾ། །སྤྱི་ལོ2013ཟླ9ཚེས15ལའོ།།

 

ཕན་ཡོན་གསུང་བཞིན་པ།

  


ནང་དོན་འོག་མ།དོན་གཉིས་འགྲུ