བྱང་ཆུབ་གླིང་།-དབེན་གནས་བཀྲ་ཤིས་ཁྲི་གླིང་།-འབྲེལ་ཡོད་ངོས་སྦྱོར།

༈ 2016ལོའི་བཀྲ་ཤིས་ཁྲི་གླིང་གི་བསྙུང་གནས་ཉིན་དགུའི་མཛད་རིམ།


 

  ཉེ་འཁོར་གྱི་ལྷ་སྡེ་རྣམས་ཀྱི་གཙོས་དད་ལྡན་མང་ཚོགས་ཀྱི་རེ་འདུན་ལྟར། སྤྱི་ལོ2016ལོའི་ཟླ9ཚེས15ཉིན་དང་། རབ་རྒྱན་མེ་སྤྲེལ་ལོའི་ཟླ་༧པའི་ཚེས་༡༤ནས་བཟུང་ཉིན་བརྒྱད་ཀྱི་རིང་དུ་ཡོངས་ཀྱི་དགེ་བའི་བཤེས་གཉེན་༸བླ་མ་ཤེས་རབ་བཟང་པོ་མཆོག་གི་བླ་ན་མེད་པའི་ཐུགས་བསྐྱེད་དང་བརྩེ་གཟིགས་འོག དབེན་གནས་བཀྲ་ཤིས་ཁྲི་གླིང་གི་བྱམས་ཆེན་གཙུག་ལག་ཁང་དུ་སྨྱུང་གནས་ཀྱི་སྒྲུབ་པ་འཚོགས། བོད་ཚེས་༢༢ཏེ་ཉིན་དགུ་པར་དད་ལྡན་འདུས་པ་ཡོངས་ལ་ཚོགས་ཀྱི་འཁོར་ལོ་བསྐོར། ཉིན་དགུ་པོའི་རིང་གི་མཛད་རིམ་བསྡུས་པ་ཞིག་གཤམ་དུ་བཀོད་ཡོད་པས་གཟིགས་འཚལ།

  མེ་སྤྲེལ་ལོའི་ཟླ་༧ཚེས་༡༤ཉིན་སྔ་དྲོར་མཁན་པོ་ཟླ་ཚེས་བསྙེན་གནས་ཀྱི་སྡོམ་པ་འབོགས། ཕྱི་དྲོར་བླ་མ་རིན་པོ་ཆེས་སྤྱན་རས་གཟིགས་ཀྱི་རྗེས་གནང་གི་དབང་བསྐུར། དབང་གི་སྔོན་རྗེས་སུ་བླ་མ་མཆོག་གིས་ལོ་འདི་ནས་བཟུང་ལོ་ཕྱི་མ་རྣམས་སུའང་བསྙུང་གནས་དཀར་པོ་ཆ་བཞིའམ་ཆ་བརྒྱད་རྒྱུན་བཙུགས་དགོས་པའི་རྒྱུ་མཚན་དང་དམིགས་ཡུལ། སྤྱིར་བསྙེན་གནས་ལ་ཕན་ཡོན་བསམ་གྱིས་མི་ཁྱབ་པ་ཡོད་ཚུལ་དང་། བྱེ་བྲག་བསྙུང་གནས་འདི་ལྟ་བུ་ལ་རྒྱུ་ཚེགས་ཀྱིས་འབྲེལ་བའི་ཐོགས་པའི་སྡེ་བ་རྣམས་དམིགས་བསལ་བསོད་ནམས་ཆེན་པོ་ཡིན་ཚུལ།  བསྙུང་གནས་འཚོགས་ས་བྱམས་ཆེན་ལྷ་ཁང་གི་ཕྱི་ནང་གསང་གསུང་གྱི་བཀོད་པ་ངོ་སྤྲོད་མདོར་བསྡུས་དང་། ད་རེས་དལ་འབྱོར་གྱི་ལུས་རྟེན་འདི་ལ་ཚེ་རབས་དུ་མའི་རིང་གི་སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་བཤགས་ན་འདག་ཚུལ་སོགས་ཀྱིས་མཚོན་སྤྱིར་དགེ་སྒྲུབ་སྡིག་སྤོང་གི་བསླབ་བྱ་གྱ་ནོམ་པ་གསུངས་ཤིང་། ཁྱད་པར་དབང་གི་དམ་ཚིག་དང་། དབང་བསྐུར་ཟིན་པའི་རྗེས་སུ་ནམ་ཡང་བྱང་ཆུབ་སེམས་དཔའི་བསམ་སྤྱོད་ལྷུར་བླངས་ནས་སེམས་ཅན་གྱི་དོན་བསྒྲུབ་པའི་དམ་བཅའ་བརྟན་པོ་དགོས་ཞེས་གསུངས་པ་དང་། ཕྱོགས་སོ་སོ་ནས་ཐོན་པའི་ཤོག་ཀ་རྣམས་ཀྱི་ཆོས་སྐལ་དུ་མ་ཎིའི་འཁོར་ལོ་ཚད་ལྡན་དུ་མ་བཀྱེས། མཇུག་ཏུ་ཉེ་འཁོར་གྱི་ཚེ་འདས་གསར་པ་རྣམས་ཀྱིས་མཚོན་ཚེ་འདས་ཀུན་བདེ་ནས་བདེ་བར་འགྲོ་བའི་ཕྱིར་དུ་འཕོ་ལུང་གསུངས་པ་དང་བཅས་མཇུག་བསྡུས།

 

 

  ཉིན་གཉིས་པ་ཚེས་༡༥སྟེ་སངས་རྒྱས་སྣང་བ་མཐའ་ཡས་ཀྱི་དུས་ཆེན་གྱི་སྔ་དྲོའི་ཆུ་ཚོད་ལྔ་པའི་ཐོག་ནས་བླ་མ་རིན་པོ་ཆེས་སྐྱ་སེར་འདུས་པ་ཡོངས་ལ་དུས་ཁྲིམས་ཡན་ལག་བརྒྱད་པའི་སྡོམ་པ་འབོགས། ཞར་ལ་སྤྱིར་དུས་ཁྲིམས་སྲུང་བའི་ཕན་ཡོན་དང་། དགོས་སུ་སྙིགས་དུས་སུ་ཚུལ་ཁྲིམས་སྲུང་བའི་ཕན་ཡོན། ཚིག་བདུན་གསོལ་འདེབས་ཀྱིས་སྙིགས་དུས་ཀྱི་རྒུད་པ་ཞི་ཚུལ། ཆོས་སྒྲུབ་པ་ལ་ཐོས་བསམ་སྒོམ་པ་ཡ་བྲལ་དུ་མི་གཏོང་བ་གལ་ཆེ་ཚུལ། ཆོས་ཀྱི་སྙིང་པོ་མི་འཚེ་བ་ཡིན་པས་སྒོ་ཟོག་སྒོ་རྟ་སོགས་ཀྱིས་མཚོན་པའི་སེམས་ཅན་ཐམས་ཅད་ལ་སྲོག་གི་འཚེ་བ་བྱེད་མི་ཉན་ཚུལ་དང་། ཁྱད་པར་མིའི་སྲོག་ལ་འཚེ་བ་བྱེད་མི་ཉན་ཚུལ། ཐེངས་འདིའི་བསྙེན་གནས་ཉིན་བརྒྱད་ཀྱི་རིང་དུ་བཀྲ་ཤིས་ཁྲི་གླིང་གི་མཁན་པོ་རྣམ་པས་སེར་སྐྱ་ཡོངས་ལ་ལས་རྒྱུ་འབྲས་ཀྱིས་གཙོར་བྱས་ཏེ་ཆོས་ཀྱི་གོ་བརྡ་ཡང་དག་པ་སྤྲོད་དགོས་ཚུལ་སོགས་བཀའ་སློབ་གནང་ནས་བསྔོ་སྨོན་ཟབ་རྒྱས་དང་བཅས་སྔ་དྲོའི་ཆུ་ཚོད་བཅུ་པ་ཡས་མས་སུ་མཇུག་བསྡུས།

  ཚེས་༡༥ཕྱི་དྲོར་མཁན་པོ་ཟླ་ཚེ་ལགས་ཀྱིས་བླ་མ་ཤེས་རབ་བཟང་པོ་ཁོང་རིག་གི་བཀའ་མ་ཟློག་ཙམ་དུ་ཁོང་མཁན་པོ་རྣམ་པས་ཉིན་བརྒྱད་དགུ་ཙམ་གྱི་རིང་དུ་བསྙུང་གནས་དང་ཆོས་ཁྲིད་གསུང་དགོས་རྒྱུ་དང་། འདས་པའི་ལོ་ངོ་བཅུ་ཕྲག་གི་རིང་དུ་དབེན་གནས་བཀྲ་ཤིས་ཁྲི་གླིང་གི་གནས་འདི་ནས་ཐེག་ཆེན་གསོ་སྦྱོང་གི་སྡོམ་པ་ས་ཡ་གཉིས་ལྷག་འབོགས་ཡོད་ཚུལ་དང་། ད་སྐབས་བླ་མའི་བཀའ་དྲིན་དང་བདག་རྐྱེན་ལ་བརྟེན་ནས་བསྙུང་གནས་འཚོགས་པའི་མཐུན་རྐྱེན་ཕུན་སུམ་ཚོགས་པར་འགྲིགས་ཡོད་པ་སོགས་ཀྱི་མཚོན་བླ་མ་ཤེས་རབ་བཟང་པོའི་བཀའ་དྲིན་ནམ་ཡང་གཞལ་དཀའ་ཡང་སོ་སོའི་སེམས་ནས་ཇི་སྲིད་དུ་བརྗེད་མི་རུང་ཚུལ་དང་། གཞན་ཡང་བསྙུང་གནས་ཀྱི་ཕན་ཡོན་དང་། དམིགས་བསལ་བསྙུང་གནས་ཀྱི་སྡོམ་པ་ཞུ་སྐབས་ངེས་པར་གཉིད་སྤོང་དགོས་པ་དང་གུང་ཚིགས་སྐབས་དཀར་ཟས་ཁོ་ན་དྲངས་དགོས་ཚུལ་དང་། དལ་འབྱོར་མི་ལུས་ཆུད་ཟོས་སུ་གཏོང་མི་རུང་བའི་ཚུལ། བསྙུང་གནས་སྐབས་ངག་བཅད་ཀྱི་དགོས་པ་གང་ཡིན་པ་དང་། མཁན་པོ་ཟླ་ཚེ་ཁོང་གི་སྐུ་ཚེ་ཧྲིལ་པོར་དགེ་རྩ་གཙོ་བོ་བསྙེན་གནས་ཡིན་ཚུལ་སོགས་ཉམས་མྱོང་དུ་མའི་ཐོག་ནས་ལུགས་གཉིས་ཀྱི་བསླབ་བྱ་མང་དུ་གསུངས།

 

 

  ཚེས་༡༦ཉིན་མཁན་པོ་ཕྲིན་ལས་འོད་ཟེར་ལགས་ཀྱིས་སྔ་དྲོར་བསྙེན་གནས་ཀྱི་སྡོམ་པ་འབོགས་ཏེ་གསོ་སྦྱོང་ལེན་ཚུལ་ཅུང་ཟད་རྒྱས་པར་གསུངས། ཕྱི་དྲོར་བསྙེན་གནས་ཡན་ལག་བརྒྱད་པོ་རྒྱས་འགྲེལ་གནང་ཞོར། ཤེད་བུ་སེར་སྐྱའི་གཏམ་རྒྱུད་དང་འབྲེལ་བའི་སྒོ་ནས་ལས་རྒྱུ་འབྲས་ཀྱི་རྣམ་གཞག་སྤྱི་དང་། ཁྱད་པར་སྲོག་གཅོད་པའི་ཉེས་པ་དང་། དེའི་ནང་ནས་ཀྱང་ཚེ་ཐར་བརྐུས་ཏེ་བཤས་ན་ཉེས་པ་ཆེ་ཚུལ་དང་དེ་ཉིད་ལུགས་གཉིས་དང་འགལ་བའི་བྱ་བ་ཐ་ཆད་ཡིན་ཚུལ་གསུངས། ཚེས་༡༧ཉིན་གྱི་སྔ་དྲོར་སྔར་བཞིན་ཐོག་མར་སྡོམ་པ་འབོགས། ཕྱི་དྲོར་རིགས་དང་ཁྱབ་བདག་ཀུན་གྱི་དཀྱིལ་འཁོར་ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུའི་བློ་སྦྱོང་ཞལ་གདམས་བླང་དོར་ལམ་སྟོན་ཞེས་པ་གསུངས་ཤིང་། ཞོར་དུ་ཡིད་བཞིན་ནོར་བུའི་རྣམ་ཐར་བསྡུས་པ་ཆ་ཚང་ཞིག་དང་། བྱིན་རླབས་ཀྱི་རྩ་བ་བླ་མ་ཡིན་པས་ནམ་ཡང་བླ་མ་ལ་གསོལ་འདེབས་དང་མོས་གུས་བྱ་དགོས་པའི་སྐོར་གྱི་ཆོས་ཁྲིད་གསུངས།

  ཚེས་༡༨དེ་འཕགས་པ་སྤྱན་རས་གཟིགས་ཀྱི་དུས་ཆེན་ཉིན་སྔ་དྲོར་མཁན་པོ་ཚེ་དབང་དངོས་གྲུབ་ལགས་ཀྱིས་བསྙེན་གནས་ཀྱི་སྡོམ་པ་འབོགས་ཏེ་དལ་འབྱོར་རྙེད་དཀའ་ལས་བརྩམས་པའི་བླང་དོར་གྱི་གནས་མི་ཉུང་བ་གསལ་བསྟན་གནང་། ཕྱི་དྲོར་བྱང་ཆུབ་སེམས་དང་འབྲེལ་བའི་ཉམས་ལེན་གནད་བསྡུས་དང་། ཚེས་༡༩ཉིན་སྔ་དྲོར་ཐོག་མར་སྡོམ་པ་འབོགས། དེ་ནས་དམ་པའི་ཆོས་ཀྱི་འཇུག་སྒོ་སྐྱབས་འགྲོ་དང་བསླབ་བྱ་སྲོག་གཅོད་སྤོང་ཚུལ་དང་། ཕྱི་དྲོར་བསྙུང་གནས་ཀྱི་ཕན་ཡོན་དང་མི་རྟག་པའི་ཉམས་ལེན་གྱི་སྐོར་ནས་རྒྱ་ཆེར་གསུངས།

  དེའི་ཕྱི་ཉིན་ཚེས་༢༠ཉིན་གྱི་སྔ་དྲོར་དབེན་གནས་བཀྲ་ཤིས་ཁྲི་གླིང་གི་གཙོ་འགན་མཁན་པོ་སྟོབས་རྒྱལ་ལགས་ཀྱིས་བསྙེན་གནས་ཀྱི་སྡོམ་པ་འབོགས། བྱང་ཆུབ་མཆོག་ཏུ་ཀུན་སློང་བཅོས་པ་གལ་ཆེ་བའི་སྐོར་ནས་རྒྱས་པ་གསུངས། ཕྱི་དྲོར་ཚེ་མི་རྟག་པ་ཡིན་པས་མྱུར་དུ་དམ་པའི་ཆོས་ལ་འབུང་དགོས་ཚུལ་དང་། དཔལ་སྤྲུལ་རིན་པོའི་ཆེའི་སྐུ་གསུང་ཐུགས་རྟེན་ལ་གུས་པ་བྱ་དགོས་ཚུལ་གྱི་སྐོར་ཅུང་ཙམ་དང་། ཚེས་༢༡འཕགས་པ་ས་ཡི་སྙིང་པོའི་དུས་ཆེན་གྱི་སྔ་དྲོར་ཐོག་མར་སྡོམ་པ་འབོགས། དལ་འབྱོར་རྙེད་དཀའི་ཆོས་ཁྲིད་གསུངས། ཕྱི་དྲོར་ལས་རྒྱུ་འབྲས་ཀྱི་སྐོར་མདོར་བསྡུས་དང་། དཔལ་སྤྲུལ་རིན་པོ་ཆེའི་སྐུ་གསུང་ཐུགས་རྟེན་ལ་གུས་པ་བྱ་དགོས་ཚུལ་གྱི་སྐོར་རྫོགས་པར་གསུངས།

 

 

  ཚེས་༢༢ཏེ་ཉིན་དགུ་པ་ནི་ད་ལོའི་བསྙུང་གནས་ཀྱི་ཉིན་ཐ་མའང་ཡིན་ཏེ། ཉིན་འདིར་མཁན་པོ་སྟོབས་རྒྱལ་ལགས་ཀྱིས་སྲོག་བཅད་པའི་ཉེས་དམིགས་གསུངས་ཏེ། གང་ཟག་མང་པོས་སྲོག་གཏན་ནས་མི་བཅད་པའི་ཁས་བླངས། དེ་ནས་མཁན་པོས་དབེན་གནས་བཀྲ་ཤིས་ཁྲི་གླིང་སྤྱི་དང་འབྲེལ་བའི་སྒྲིག་ཁྲིམས་ཀྱི་སྐོར་ནས་དུས་བབ་ཀྱི་གསུང་བཤད་གནང་བར་མ་ཟད། སྤྱིར་དབེན་གནས་བཀྲ་ཤིས་ཁྲི་གླིང་དབུ་ཚུགས་ནས་ད་ལྟའི་བར་བསྙེན་གནས་གྲངས་ས་ཡ་གཉིས་ལྷག་གྲུབ་པ་དང་། ཁྱད་པར་ད་ལོ་མེ་སྤྲེལ་ལོའི་ཉིན་བརྒྱད་ཀྱི་རིང་བསྙེན་གནས་གྲངས་ཁྲི་ཕྲག་གཅིག་ལྷག་གྲུབ་འདུག་ཅེས་གསུངས་ཤིང་། མཐར་ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར་ནས་བཟང་སྤྱོད་སྨོན་ལམ་གྱིས་མཐའ་བརྒྱན་ཏེ། འདུས་སྡེ་ཡོངས་རྫོགས་ཀྱིས་རྗེས་སུ་ཡི་རང་ངང་དགའ་སྤྲོའི་འཛུམ་མདངས་དང་སང་ཕོད་ད་ཚོད་ཀྱི་བསྙུང་གནས་ལ་རེ་སྨོན་དང་བཅས་རེ་ཞིག་མཇུག་གྲོལ་ཏོ། །

 

རྒྱལ་བསྟན་ཕྱོགས་དུས་ཀུན་ཏུ་དར། །

ནད་གདོན་བར་ཆད་མ་ལུས་ཞི། །

འགྲོ་ཀུན་ཕན་བདེས་རྟག་འཚོ་སྟེ། །

སྨོན་འབྲས་གེགས་མེད་མངོན་གྱུར་ཤོག །

 

ཅེས་བླ་མ་ཤེས་རབ་བཟང་པོས་མཛད་པའི་ཆོ་འཕྲུལ་ཟླ་བའི་སྨོན་ལམ་ལས་དྲངས་སོ།།

 

ཞེས་ཀུན་ལ་དད་པའི་གསོས་སྨན་དང་རྗེས་སུ་ཡི་རང་གི་རྟེན་དུ་དབེན་གནས་བཀྲ་ཤིས་ཁྲི་གླིང་གི་བོད་ཡིག་ཚན་ཆུང་ནས་ཕུལ་བ་དགེའོ།།

  


ནང་དོན་འོག་མ།མི་ལོ་ཉི་ཤུའི