༄༅།།མཚུངས་མེད་བླ་མ་ཆོས་རྗེ་ཡིད་བཞིན་ནོར་བུ་འཇིགས་མེད་ཕུན་ཚོགས་འབྱུང་གནས་རྗེས་སུ་དྲན་པའི་གདུང་དབྱངས།


 

རྒྱལ་ཀུན་ཡེ་ཤེས་འཇི༵གས་མེ༵ད་ཆོས་ཀྱི་སྐུ། །

ངེས་པ་ལྔ་ལྡན་ཕུ༵ན་ཚོ༵གས་ལོངས་སྤྱོད་རྫོགས། །

སྣ་ཚོགས་ཕན་བདེའི་འབྱུ༵ང་གན༵ས་སྤྲུལ་པའི་སྐུ། །

སྐུ་གསུམ་ཀུན་འདུས་ཡིད་བཞིན་ནོར་བུར་འདུད། །

 

གསོལ་བ་འདེབས་སོ་བླ་མ་རིན་པོ་ཆེ། །

ཐུགས་རྗེས་དགོངས་ལ་བྱིན་གྱིས་བརླབ་ཏུ་གསོལ། །

འདི་ཕྱི་བར་དོའི་གནས་སྐབས་གང་དུ་ཡང་། །

རེ་བས་འབོད་ས་ཁྱོད་ལས་གཞན་མེད་དོ། །

 

དགུན་ཆུང་མེ་ཏོག་བཞད་པའི་གྲང་ངར་གྱིས། །

ཤུན་མནར་གོས་ཧྲུལ་ཅན་གྱི་དམན་བུ་བདག །

ཐུགས་བརྩེས་མ་དོར་དགྱེས་བཞིན་རྗེས་བཟུང་ནས། །

ཐོག་མའི་རིགས་བདག་གྱུར་པའི་རྟེན་འབྲེལ་དྲན། །

 

སྤྱི་མཐུན་འགྲོ་བའི་བསོད་ནམས་དམན་པའི་འོག །

རྒྱལ་བསྟན་རྙོག་མ་ཅན་དུ་གྱུར་ན་ཡང་། །

སྐུ་ཡི་སྲོག་དང་བསྡོས་པའི་ཐུགས་བསྐྱེད་ཀྱིས། །

རྒྱལ་བསྟན་དག་ཐེར་མཛད་པའི་དཀའ་སྤྱད་དྲན། །

 

འཇམ་དབྱངས་སྤྲུལ་པའི་ཞིང་མཆོག་མངོན་པར་དགར། །

ཁྲི་ཕྲག་གྲངས་ལས་བརྒལ་བའི་འཁོར་ཚོགས་བཅས། །

བླ་མེད་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ནས། །

འབྲེལ་ཚད་དག་ཞིང་ཁྲིད་པའི་མཛད་རྗེས་དྲན། །

 

འགལ་རྐྱེན་མུན་ནག་འཁྲིགས་པའི་སྙིགས་དུས་འདིར། །

ཐུགས་བསྐྱེད་སྨོན་པའི་མཐུ་དཔལ་ལ་བརྟེན་ནས། །

ལུང་རྟོགས་བཤད་དང་སྒྲུབ་པའི་ཕན་བདེའི་དཔལ། །

བགྲང་ཡས་གདུལ་བྱའི་ཁམས་སུ་བཞེངས་པ་དྲན། །

 

མ་རུང་བདུད་ཀྱི་ལོག་སྨོན་མཐུ་བཙན་པས། །

གང་གི་འཕྲིན་ལས་གནས་ཀྱི་སྒོ་བཀག་ཀྱང་། །

སླར་ཡང་སྙིང་སྟོབས་དམ་བཅའ་ཁུར་བཞེས་ཏེ། །

འགྲོ་ལ་ཕན་བདེ་འབྱེད་པའི་ཐུགས་སྨོན་དྲན། །

 

ཆུ་བཞི་སྒང་དྲུག་ལ་སོགས་ཡུལ་གྲུ་རུ། །

བསྟན་དང་འགྲོ་བའི་དོན་ལ་བྱོན་པའི་སྐབས། །

ཕེབས་བསུའི་ཡོ་ལང་འགྱེད་པའི་ཚོགས་བསགས་ཁྲོད། །

བདག་ཀྱང་ཞབས་འབྲིང་གྱུར་པའི་ངང་ཚུལ་དྲན། །

 

མཚུངས་མེད་བླ་མ་མཆོག་གི་ཞབས་དྲུང་དུ། །

བགྲང་བྱའི་འཁོར་ལོ་ཉི་ཤུའི་ཡུན་གནས་བར། །

མདོ་སྔགས་ཆོས་མཛོད་འཁྱིལ་བའི་ཐུགས་ཀློང་ནས། །

མི་དལ་ལེགས་བཤད་ཐོས་པའི་སྐལ་བཟང་དྲན། །

 

གསང་ཆེན་དབེན་པའི་རི་ལ་འབྱོར་བ་ནས། །

འཚོ་བའི་ཟས་དང་གོས་ཀྱི་མཐུན་རྐྱེན་ཡང་། །

རྟག་ཏུ་ཁྱོད་ཀྱིས་བཀའ་དྲིན་ཡང་ཡང་བསྐྱངས། །

བུ་ངའི་མ་མ་མཛད་པའི་མགོན་ཁྱོད་དྲན། །

 

བརྩེ་ཆེན་ཐུགས་ཀྱི་དགོངས་ཀློང་ཡངས་པ་ནས། །

ལུགས་གཉིས་ཡོན་ཏན་བྲལ་བའི་དམན་བུ་བདག །

བསྟན་དང་འགྲོ་བའི་དོན་ལ་ཉེར་དགོངས་ནས། །

མངའ་གསོལ་ཐེངས་མང་མཛད་པའི་ཞལ་གསུང་དྲན། །

 

བདག་ནི་སྒྱུ་མའི་གྲོང་དུ་འཁྱམས་འཁྱམས་ནས། །

གནས་ལུགས་ཟབ་མོའི་དོན་དང་རྒྱང་རིང་ཡང་། །

ཁྱེད་ཀྱི་དགོངས་རྒྱུད་རྟོགས་པའི་བྱིན་རླབས་ཀྱིས། །

སེམས་ཉིད་རང་ངོ་སྤྲད་པའི་བཀའ་དྲིན་དྲན། །

 

རིགས་བདག་བླ་མ་དམ་པའི་གཟི་བྱིན་འོག །

དམ་ཚིག་རྡོ་རྗེས་འབྲེལ་བའི་མཆེད་ལྕམ་ཚོགས། །

གསང་ཆེན་འོད་སྐུར་གྲོལ་བའི་དབེན་གནས་སུ། །

རྩེ་དགའི་དུས་སྟོན་རོལ་བའི་ངང་ཚུལ་དྲན། །

 

མགོན་ཁྱོད་མཇལ་བའི་ཐོག་མཐའ་བར་གསུམ་དུ། །

སྐད་ཅིག་ཙམ་ཡང་ཐུགས་དང་འགལ་བ་མེད། །

ལུགས་གཉིས་དྲིན་གྱིས་རྟག་ཏུ་གཅེས་པར་བསྐྱངས། །

དཔོན་སློབ་དད་འདུན་གཙང་མའི་བརྩེ་གདུང་དྲན། །

 

མགོན་ཁྱོད་ཞིང་དུ་གཤེགས་པའི་སྔ་ཉིན་མོ། །

སྐུ་ཁམས་ཧ་ཅང་དྭངས་པའི་ཚུལ་ཐོས་ནས། །

བདག་ནི་དགའ་བཞིན་རང་ཁྱིམ་ལོག་པའི་རྗེས། །

བུ་ང་གང་འདུག་གསུངས་པའི་ཐུགས་བརྩེ་དྲན། །

 

མགོན་ཁྱོད་རེ་ཞིག་ཞིང་གཞན་ཕེབས་པའི་ཉིན། །

འཕྲིན་ལམ་བརྒྱུད་ནས་ཁྱོད་སྐུ་གཤེགས་སོ་ཞེས། །

གློ་བུར་ཐོས་འཕྲལ་གམ་དུ་འབྱོར་བའི་ཚེ། །

སེང་གེ་ཉལ་སྟབས་ཚུལ་དུ་གཤེགས་པ་དྲན། །

 

བདག་གི་དད་པའི་མཆོད་སྡོང་མགོན་ཁྱོད་ཡིན། །

མོས་གུས་གསོལ་བ་འདེབས་ས་མགོན་ཁྱོད་ཡིན། །

མཆོག་ཐུན་དངོས་གྲུབ་ཞུ་ས་མགོན་ཁྱོད་ཡིན། །

མདོར་ན་སྐྱབས་གནས་མཐར་ཐུག་མགོན་ཁྱོད་ཡིན། །

 

དེ་ལྟར་དད་གུས་གཙང་མས་རབ་བསླངས་པའི། །

མགོན་ཁྱོད་རྗེས་སུ་དྲན་པའི་བསོད་ནམས་ཀྱིས། །

བགྲང་ཡས་གདུལ་བྱའི་རྨོངས་པ་ཀུན་ཞི་ནས། །

རིང་མིན་སྐུ་བཞིའི་རྒྱལ་སར་དབང་འབྱོར་ཤོག །

 

ཅེས་ཚིགས་སུ་བཅད་པ་འདི་ནི་རྗེ་ཉིད་རབ་རྒྱན་ཆུ་ལུག་ལོའི་ཟླ་༡༡ཚེས་༡༥ཉིན་སྐུ་མྱ་ངན་ལས་འདས་པའི་ཚུལ་བསྟན་ནས་བགྲང་བྱ་བཅུ་གསུམ་སོན་ལ་ཉེ་བའི་རབ་རྒྱན་མེ་སྤྲེལ་ལོའི་ཟླ་༡༡ཚེས་༡༡ཉིན་མགོན་པོ་མཆོག་རྗེས་སུ་དྲན་བཞིན་གང་གི་ལུགས་གཉིས་ཀྱི་སྐྱབས་འོག་པ་ཤེས་རབ་བཟང་པོས་སྨྲས་པའོ།། སྤྱི་ལོ་༢༠༡༧ ༡  ༨ལའོ།། །།