བྱང་ཆུབ་གླིང་།-དབེན་གནས་བཀྲ་ཤིས་ཁྲི་གླིང་།-གདན་ས་ངོ་སྤྲོད།

གདན་ས་ངོ་སྤྲོད།


  བླ་མ་དང་མགོན་པོ་འཇམ་དཔའི་དབྱངས་ལ་ཕྱག་འཚལ་ལོ། །

  དེ་ཡང་རབ་དཀར་གངས་ཀྱི་ར་བས་ཡོངས་སུ་བསྐོར་བའི་མི་ཡུལ་གྱི་ཞིང་ཁམས་རང་བྱུང་མཛེས་སྡུག་གིས་ཀུན་ནས་ཕྱུག་པའི་ཡུལ་གྲུ་ན་མདོ་དབུས་ཁམས་གསུམ་ཡོད་པ་ལས། ཁམས་ཀྱི་ས་ཆ་འབྲི་ཟླ་ཟལ་མོ་སྒང་གི་ཉེ་ཞོལ་སྡེ་དགེའི་ཡིད་ལྷུང་ན་ཆགས་པའི་དབེན་གནས་བཀྲ་ཤིས་ཁྲི་གླིང་འཇིགས་མེད་རིག་པ་འཛིན་པའི་ཆོས་སྡེ་ནི། སྤྱི་ལོ་༡༩༩༥ལོར། ༧ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུ་འཇིགས་མེད་ཕུན་ཚོགས་འབྱུང་གནས་དཔལ་བཟང་པོ་མཆོག་གིས་དགོངས་གནང་ལྟར། ༧མཁན་རིན་པོ་ཆེ་ཤེས་རབ་བཟང་པོ་མཆོག་གིས་བླ་ན་མེད་པའི་ཐུགས་བསྐྱེད་དུས་སུ་སྨིན་ནས་ཕྱག་བཏབ་གནང་བ་སྟེ། དེ་ཡང་སྡེ་དགོན་གཉིས་ཀྱི་ཆེ་མྱི་རྒན་གསུམ་རྣམས་ཀྱིས་ཁོང་ལ་རང་ཡུལ་དུ་བཞུགས་དགོས་པའི་ཞུ་བ་ནན་གྱིས་ཕུལ་བ་དང་། ༡༩༩༤ལོ་ལ་༸ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུ་མཆོག་མདོ་ཁམས་ཆུ་བཞི་སྒང་དྲུག་ཏུ་བྱོན་པའི་སྐབས་སུ་གནས་འདི་ནས་ཞག་གཉིས་ཙམ་བཞུགས་ཏེ། བྱིན་རླབས་དང་ཐུགས་སྨོན་མཛད་ཅིང་། ངོ་མཚར་དབང་ཆེན་སྤྲུལ་བའི་ཕོ་བྲང་ཞེས་པའི་བསྔགས་བརྗོད་ཀྱི་མེ་ཏོག་རྒྱ་ཆེར་གནང་བ་སྟེ། དཔྱིད་ཀྱི་རྒྱལ་མོའི་རྒྱང་གླུ་ལས། འཇིགས་མེད་ཆོས་རྗེ་ཡིད་བཞིན་ནོར་བུ་ཉིད། ། ཕྱོགས་འདིར་ཆིབས་ཀྱི་ཁ་ལོ་སྒྱུར་བའི་སྐབས། ། ངོ་མཚར་དབང་ཆེན་སྤྲུལ་བའི་ཕོ་བྲང་དུ། ། བསྔགས་པའི་མེ་ཏོག་སིལ་མ་ཆེད་དུ་གཏོར། ། ཞེས་གསུངས་པ་བཞིན་ནོ། ། ལོ་དེའི་མཇུག་ཏུ་མི་རབས་མང་པོ་རྒྱུད་པ་དང་བཅས་པ་འཚོ་སྡོད་བྱས་པའི་ས་འདིའི་ཁྱིམ་ཚང་རྣམས་ཀྱིས་གདན་ས་འདི་ཉིད་ལེགས་པར་ཕུལ་བ་སོགས་ཀྱིས་རྟེན་འབྲེལ་ལེགས་ཚོགས་སུ་སྨིན་པ་ལ་བརྟེན་ནས། སྤྱི་ལོ་༡༩༩༥ལོ་ལ། ཡུལ་ཚོ་ཁག་གི་སྡེ་འབངས་དག་གིས། སོ་སོས་ལས་བགོས་བྱས་ཏེ། ལ་ལས་རླངས་འཁོར་གྱི་ལམ་ལས་རྒྱུ་དང་། ལ་ལས་གཟིམ་ཁང་གི་ཤིང་ཆ་བཏུ་བ་དང་། ལ་ལས་གྱང་རྡུང་བ་སོགས་ཀྱི་མཐུན་རྐྱེན་བསྒྲིགས་པ་ལ་བརྟེན་ནས། སྐྱེ་དགུའི་བསོད་ནམས་ཀྱི་ཞིང་དུ་ཆོས་སྡེ་འདི་ཉིད་དབུ་བརྙེས་པ་ཡིན། དེ་ནི་མི་ལོ་བརྒྱ་ལྷག་གི་གོང་ནས་གྲུབ་ཆེན་རྒྱལ་བ་མཆོག་དབྱངས་ཀྱི་སྐྱེ་མཐའ་གླིང་ཞིག་བླ་མའི་ལུང་བསྟན་ལས། རྩྭ་ཤུལ་དགོན་དུ་ཤང་ཤང་རྩེ་གར་སྒྱུར། ། ཁྲོ་ཐུང་ནང་དུ་འཕགས་པའི་གནས་བརྟན་བཞུགས། ། ཞེས་རྩྭ་ཤུལ་དགོན་དུ་བཤད་སྒྲུབ་ཀྱི་བསྟན་པ་དར་རྒྱས་འགྲོ་བ་དང་དུས་མཚུངས་སུ། ཁྲོ་ཐུང་ནང་གི་ས་གནས་འདི་ན་འཕགས་པའི་གནས་བརྟན་ཆེན་པོ་ཞིག་བཞུགས་ནས་བཤད་སྒྲུབ་ཀྱི་ཕྲིན་ལས་རྒྱ་ཆེར་སྤེལ་བ་ཉིད་དུ་གསུངས་པའི་ལུང་བསྟན་དུས་སུ་བབ་པ་དང་། སྤྱི་ལོ་༡༨༩༠རབ་རྒྱན་ལྕགས་སྟག་ལོར་བྱོན་པའི་སྤྲུལ་པའི་གཏེར་སྟོན་བསོད་ནམས་རྒྱ་མཚོས། རིག་འཛིན་སྒྲུབ་མཆོག་སྤྲུལ་པའི་སྐུའི༔ཡང་སྲིད་སྤྲུལ་བའི་ཟློས་གར་བསྒྱུར༔འཇིགས་མེད་རིག་པ་འཛིན་པའི་སྡེ༔རྡོ་རྗེའི་སྐུ་མཆོག་འདི་ཉིད་དོན༔གདན་སར་མྱུར་དུ་འཁོད་པ་དང་༔ཞེས་གསུངས་པའི་ལུང་འདིས་དངོས་ཤུགས་ཟུར་གསུམ་གྱིས། འཇིགས་མེད་ཀྱི་མཚན་ཅན་གྱི་བླ་མ་དེའི་རྒྱུད་འཛིན་རིག་པ་འཛིན་པའི་ཆོས་སྡེ་ཞིག་བཙུགས་ནས་རང་ཡུལ་དུ་གདན་སར་འཁོད་པ་འགྱུར་འོང་ཞེས་གསུངས་པ་ལྟར་ལུང་བསྟན་དུས་སུ་སྨིན་པ་དང་། གཡག་ཟེའི་གཏེར་སྟོན་གར་དབང་ཐེག་མཆོག་གླིང་པའི་ལུང་བསྟན་ལས། སྨད་མདོ་ཁམས་ཡིད་ཀྱི་ཐིག་ལེ་ནཿམགོན་པྲཛྙཱའི་མཚན་ཅན་བསྟན་འགྲོའི་དཔལཿདུས་སྙིགས་མའི་གདུལ་བྱ་བདེ་ཆེན་ཞིངཿཐུགས་རྗེས་བཟུང་མ་ལུས་ཐར་ལམ་སྟོནཿཞེས་མཁན་ཆེན་དམ་པ་ཤེས་རབ་བཟང་པོ་མཆོག་གི་འཁྲུངས་ཡུལ་ཡིད་ལྷུང་སྨད་རོང་ཚ་ནང་དང་། གདན་ས་དབེན་གནས་བཀྲ་ཤིས་ཁྲི་གླིང་འདི་ཉིད་དང་། མ་ཟད་ཁོང་གི་མཚན་དང་། མཛད་པ་འཕྲིན་ལས་སོགས་གསལ་པོར་ལུང་བསྟན་པས་ཀྱང་གནས་འདིའི་ཆེ་བ་ཕུན་སུམ་ཚོགས་པ་གསལ་པོར་མཛད་པ་དང་། གནས་འདི་ཉིད་སྔོན་བྱོན་གྱི་སྐྱེས་ཆེན་རྟ་མགྲིན་དམར་པོའི་སྤྲུལ་པ་སྟག་རོང་ཁྲོ་རྒྱལ་དཔོན་པོ་སོགས་དམ་པ་མང་པོས་གདན་ས་བཟུང་ནས་བྱིན་གྱིས་བརླབས་ཤིང་། ཞབས་ཀྱིས་བཅགས་པས། གནས་འདིའི་ཉེ་འཁོར་དུ་དེང་དུས་སུའང་ཁྲོ་ཐུང་ནང་། ཨ་ཁུའི་ཁོག  ཨ་ཁུའི་གད་སྟེང་། ཨ་ཁུའི་ལ་རྩེ་སོགས་མི་མིང་ས་ལ་ཐོགས་པ་དང་། འཇའ་ལུས་པ་བསོད་ནམས་རྣམ་རྒྱལ་གྱི་གདུང་རྒྱུད་བར་མ་ཆད་པ་སྤྱི་ལོ་༡༩༠༥མཁན་ཆེན་ཚེ་དབང་འགྱུར་མེད་སོགས་ཀྱིས་གནས་འདིར་དབང་ཆེན་ཁྲོ་རྒྱལ་རྟ་མགྲིན་གྱི་གནས་ཉིད་དུ་ངོས་འཛིན་གནང་བ་དང་། ལོ་ཆེན་བཻ་རོ་ཙ་ནས་སྒྲུབ་གནས་མཛད་ཅིང་། གྲུབ་ཆེན་བརྒྱད་ཅུའི་གནས་སུ་བྱིན་གྱིས་བརླབས་ཡོད་ཅེས་གསུངས་པ་དང་། ༡༩༩༧ལོ་གངས་ལྗོངས་སྨྲ་བའི་དབང་ཕྱུག་སྤྲུལ་པའི་སྐུ་མཆོག་བསྟན་འཛིན་རྒྱ་མཚོ་ཟླ་གཅིག་ཙམ་དུ་བཞུགས་སྐབས་གནས་འདི་ཉིད་དུ་མཛད་པའི་དཔྱིད་ཀྱི་རྒྱལ་མོའི་རྒྱང་གླུ་ལས། གང་གི་གཡོན་ཕྱོགས་ཡིད་ལྷུང་སའི་ཐིག་ལེ། ། བཀྲ༵་ཤི༵ས་དགེ་མཚན་འབར་བའི་ལུང་གཞུང་ན། ། གསེར་གྱི་ཁྲི༵་འཕང་ཇི་བཞིན་སྟེང་གི་ཆར། ། མངོན་པར་འཕགས་པའི་རི་གླི༵ང་ལྟ་ན་སྡུག། གནས་འདིར་རྣལ་འབྱོར་སྒྲུབ་པ་པོ་རྣམས་ཀྱིས། ། གང་བརྩམས་ལས་རྣམས་མཆོག་དང་ཐུན་མོང་གི ། གྲུབ་གཉིས་འདོད་རྒུས་ནམ་ཡང་མི་གཏོང་ཞེས། ། མཁས་གྲུབ་དུ་མའི་དགོངས་དབྱངས་གཅིག་ཏུ་མཐུན། ། ཞེས་གསུངས་པ་སོགས་ཀྱིས་གནས་འདི་སྔོན་བྱོན་དམ་པ་མང་པོས་བསྔགས་བརྗོད་ཇི་ལྟར་གནང་བའི་ཚུལ་དང་། གདན་ས་ཉིད་དུ་རྟེན་འབྲེལ་ལེགས་ཕྱོགས་སུ་འགྲིགས་ཚུལ་མདོ་ཙམ་མོ། །

  གནས་འདིར་ཡཀྴ་གཟི་འབར་སོགས་བཀའ་དམ་ལ་གནས་པའི་ཟོ་དོར་གཉན་པོ་རྣམས་ཀྱིས་བདག་གིར་བཞེས་པ། ས་གནས་འདིར་སྡིག་སྒྲིབ་ཉེས་ཚོགས་ཀྱི་དྲི་མས་བཙོག་གྲིབ་མ་ཕོགས་པ། རིན་ཆེན་ཕྲེང་བ་སོགས་ས་དཔྱད་ཀྱི་གཞུང་རྣམས་ལས་གསུངས་པའི་སྒྲུབ་བརྩོན་རྣལ་འབྱོར་བ་དག་བཞུགས་སའི་ས་ཡི་ཡོན་ཏན་མ་ལུས་པ་ཚང་བ་དག་གི་ཁྱད་ཆོས་མང་དུ་ལྡན་ཚུལ་ནི། ཡང་དེ་ཉིད་ལས། ས་དཔྱད་རིན་ཆེན་ཕྲེང་བ་ལས་བསྟན་པའི། ། གཅེས་པའི་ས་ལྔའི་ཡོན་ཏན་འདི་ལ་ཚང་། ། ཞེས་གསུངས་པ་ལྟ་བུ་ཡིན། གནས་འདིའི་ཁོར་ཡུག་ཀུན་ཏུ་མཛེས་སྡུག་ཡིད་དུ་འོང་བའི་རང་བྱུང་གི་བཀོད་པ་ཕུན་སུམ་ཚོགས་པའི་དཀར་གསལ་གྱི་གངས་རི་དང་སྨུག་པོ་ཡི་རྫ་རི། སྟུག་པོའི་ནགས་རི་དང་ཤུག་རི། ཡངས་པའི་སྤང་རི་དང་སྤང་ཐང་། དྭངས་གཙང་སྙན་འཇེབས་ལྷང་བའི་འབབ་ཆུ། བསིལ་འཇམ་གཡུ་མདོག་གི་མཚོ་དང་འཚེའུ། ཁུ་བོ་ཁྲོ་ཐུང་གིས་གཏེར་དུ་བཞེས་པའི་རྨ་གཉན་སོགས་ནད་རིགས་སེལ་བ་ལ་ཕན་འབྲས་ཆེ་བའི་ཚྭ་ཆུ། དྲི་ཞིམ་གྱིས་ཡིད་དབང་འཕྲོག་པའི་རྩི་ཤིང་གི་སྐྱེད་ཚལ། རྐང་དྲུག་གི་འཕུར་ལྡིང་གཡོ་བའི་དཀར་དམར་མེ་ཏོག་གི་ཚལ་གྱིས་རི་ལུང་འགེངས་པ་སོགས་ཀྱིས་བྱ་བཏང་རྣལ་འབྱོར་བ་རྣམས་ཀྱི་སྐྱོ་བ་སངས་པ་དང་། འཇོལ་མོ་སོགས་བྱ་རིགས་སྣ་ཚོགས་ཀྱིས་སྙན་འཇེབས་མགྲིན་པའི་གླུ་དབྱངས་ཀྱིས་བདེ་སྟོང་གཉིས་སུ་མེད་པའི་ཏིང་འཛིན་ཉམས་ཀྱི་གྲོགས་བྱེད་པ། རི་སྐྱེས་སྲོག་ཆགས་རྣམས་ཀྱིས་བག་ཡངས་ཀྱི་འཚོ་བ་རོལ་བཞིན་ཚེ་འདི་བློས་བཏང་གི་རི་ཁྲོད་འགྲིམ་པ་ལ་སྐུལ་མ་བཏང་བ་སོགས་ཏེ། ཉམས་དགའ་ལྷ་ཡུལ་གྱི་ཞིང་དང་གཉིས་སུ་མ་མཆིས་པའི་སྦས་ཡུལ་གྱི་ཞིང་ཁམས་ཤིག་ཡིན་ལ། མ་ཟད་གནས་འདིའི་ཉེ་འཁོར་ན་གནས་པའི་འབངས་མི་ལྷ་སྡེ་ཡོངས་ཀྱིས་དགེ་སྡིག་བླང་དོར་གྱི་གནས་ལ་གཙི་སྲུང་ཤེས་ཏེ། མ་རབས་ངན་སྤྱོད་དག་རྒྱུན་བཅད་དེ་འཚེ་མེད་ཞི་བདེའི་འཚོ་བ་ལ་ལོངས་སུ་སྤྱོད་ཅིང་། རི་ཁྲོད་འདི་ལ་སྒོ་གསུམ་གྱིས་ཞབས་ཏོག་མི་ཉུང་བ་བསྒྲུབས་ཏེ་ཡ་རབས་ཚུལ་མཐུན་གྱི་ལུགས་བཟང་སྐྱོང་ནས་བླ་མ་དཀོན་མཆོག་གསུམ་ལ་མི་ལྡོག་པའི་དད་པ་བརྟན་པོར་གྱུར་པ་སོགས་དགེ་མཚན་དུ་མ་མངོན་བཞིན་ཡོད་ལ། གཞན་ཡང་ཆོས་སྡེ་འདི་ཉིད་ཆགས་པ་ཚུན་ཆད་ནས་ཀྱང་གནས་འདི་ན་ས་ལ་ལྕི་བའི་དམ་པའི་སྐྱེས་བུ་དང་། འཕགས་པའི་དགེ་འདུན་པ་མང་པོ་བར་མ་ཆད་དུ་བྱོན་ཏེ་བྱིན་གྱིས་བརླབས་པ་དང་། ཀུན་ལ་མཐུན་སྣང་དུ་གྱུར་པ་ལ་ས་གནས་འདི་ཉིད་རྒྱ་ཇེ་ཆེ་རུ་སོང་བ་དང་། རྩི་ཤིང་མེ་ཏོག་སོགས་སྔར་ལས་ལྷག་ཏུ་རྒྱས་ཤིང་། རི་སྐྱེས་སྲོག་ཆགས་རྣམས་ལ་འཚེ་མེད་ཀྱི་བདེ་བ་ཐོབ་སྟེ་མང་དུ་འཕེལ་བ། ཟབ་སྒྲུབ་ཀྱི་དཀྱིལ་འཁོར་གཉན་པོ་དག་གི་སྐབས་སུ་གྲུབ་པའི་རྟགས་མཚན་མངོན་དུ་གྱུར་པ། དབྱར་དགུན་མེད་པར་ངོ་མཚར་བའི་འཇའ་འོད་སོགས་དགེ་བའི་རྟགས་མཚན་དུ་མ་སྣང་བ་དང་། རིས་སུ་མ་ཆད་པའི་སྐྱེ་བོ་མང་པོས་ཕྱག་སྐོར་མེ་ཏོག་གི་ཕྲེང་བ་མིག་ལ་མཛེས་པ། གསོལ་འདེབས་སྙན་པའི་སྒྲ་དབྱངས་རྣ་བར་ལྷུང་བ། དད་འདུན་ཟབ་མོའི་ཉམས་ཀྱིས་ཡིད་དབང་འཕྲོག་པ་སྟེ་ཕྱག་མཆོད་སྐོར་བ་སོགས་བགྱི་སའི་བསོད་ནམས་ཀྱི་ཞིང་ས་དམ་པར་གྱུར་པ་དང་། བསླབ་གསུམ་ངུར་སྨྲིག་འཛིན་པའི་ཁྲིམས་ལྡན་གྱི་སྡེ་ཡར་ངོའི་ཟླ་བ་ལྟར་གོང་དུ་འཕེལ་བ། ལུང་རྟོགས་བཤད་སྒྲུབ་ཀྱི་བསྟན་པ་ཉིན་བཞིན་དར་རྒྱས་སུ་འགྲོ་བཞིན་པ་ནི། སྤྲུལ་པའི་སྐུ་མཆོག་བསྟན་འཛིན་རྒྱ་མཚོས་མཛད་པའི་དཔྱིད་ཀྱི་རྒྱལ་མོའི་རྒྱང་གླུ་ལས། འབྱུང་འགྱུར་དུས་ཀྱི་རྒྱལ་མོའི་ཕོ་ཉ་ཡིས། ། ཕུན་ཚོགས་རྟེན་འབྱུང་མགྲོན་དུ་བསུས་པའི་ཚེ། ། གནས་འདིར་ངུར་སྨྲིག་འཆང་བས་ཡོངས་གང་ནས། ། བཤད་སྒྲུབ་ཆོས་ཀྱི་དུས་སྟོན་དར་གྱུར་ཅིག། ཅེས་ཐུགས་སྨོན་ཟབ་མོ་དང་བཅས་གསུངས་པའི་བདེན་གསུང་རྡོ་རྗེའི་ལུང་གིས་བསྟན་པ་མངོན་དུ་འགྱུར་བཞིན་པའོ། ། ལྷག་པར་དུ་མཁན་རིན་པོ་ཆེ་མཆོག་ཉིད་སྲོག་བླུ་སོགས་བསྟན་དང་འགྲོ་བའི་དོན་གཞན་དག་གི་སྐབས་མ་ཡིན་པར་རྒྱུན་དུ་གནས་འདི་ཉིད་དུ་བཞུགས་ཏེ། སྒྲུབ་པ་ཉམས་ལེན་ལ་རྟག་པར་ཐུགས་དམ་མཛད་ཅིང་། དུས་ལྟར་དུས་ཚོད་བཅུ་པའི་ཐོག་ནས་འདུས་སྡེ་སྤྱི་ལ་མདོ་སྔགས་ཀྱི་འཆད་ཁྲིད་དང་། བཀའ་དབང་ཟབ་མོ་དག་གནང་བ། སྐབས་འགར་དད་ལྡན་གྱི་འདུ་བ་ཁྲི་ཕྲག་འགའ་ལ་བདེ་བ་ཅན་དུ་སྐྱེ་བའི་རྒྱུ་བཞི་སོགས་ལུགས་གཉིས་དང་འབྲེལ་བའི་བཀའ་སློབ་མང་དུ་གནང་བ་དང་། གཞན་སྡེ་སྣོད་འཛིན་པའི་མཁན་པོ་དང་། སློབ་དཔོན་རྣམས་ཀྱིས་འཛིན་གྲྭ་སོ་སོ་ལ་མདོ་སྔགས་ཀྱི་འཆད་ཁྲིད་རྒྱུན་དུ་མཛད་ཅིང་། འདིར་ཕེབས་པའི་མི་ཚེ་དོན་ལྡན་གྱི་རྒན་གཞོན་རྣམས་ཀྱིས་ཉིན་མཚན་བར་མེད་དུ་ཐོས་བསམ་སྒོམ་གསུམ་དང་། བསྙེན་སྒྲུབ་ལས་གསུམ། ཕྱག་མཆོད་བསྐོར་བ་སོགས་དགེ་སྒྲུབ་སྡིག་སྤང་གི་བྱ་བས་དུས་འདའ་བ་དང་། དུས་ཚེས་ཁྱད་པར་ཅན་རྣམས་སུ་ལྷག་ཏུ་དད་ལྡན་མང་ཚོགས་རྣམས་ཀྱིས་ཀྱང་ལུགས་གཉིས་དང་འབྲེལ་བའི་སྒོ་ནས་དགེ་སྒྲུབ་སྡིག་སྤང་ལ་བརྩོན་བཞིན་ཡོད་དོ། །

  ཡང་གནས་འདི་ཉིད་ཀྱི་གཙུག་ལག་ཁང་སོགས་ལྷ་རྟེན་གྱི་སྐོར་རགས་ཙམ་བརྗོད་ན། ཨོ་རྒྱན་འོད་གསལ་ལྷུན་གྲུབ་ཁང་གི་ནང་རྟེན་གྱི་གཙོ་བོ་ལ་ཟངས་གསེར་ལས་གྲུབ་པའི་མཁན་སློབ་ཆོས་གསུམ་གཙོས་གུ་རུའི་སྐུ་ཆེ་ཆུང་སྟོང་ལྷག་དང་། ཇོ་བོའི་ལྷ་ཁང་གི་ནང་རྟེན་གཙོ་བོ་ལ་ལི་ལས་གྲུབ་པའི་ཇོ་བོ་མཐོང་གྲོལ་ཆེན་མོ་སྲིད་ན་དཀོན་པ་དང་། འཇམ་དབྱངས་སྤྲུལ་བའི་ལྷ་ཁང་གི་རྟེན་གཙོ་ལ་ཟངས་གསེར་ལས་གྲུབ་པའི་འཇམ་དཔལ་སྨྲ་སེང་དང་། བྱང་སེམས་ས་ཡི་སྙིང་པོ། གནས་བརྟན་སྒྲ་གཅན་འཛིན། ཛམ་བྷ་ལ། གཏེར་སྟོན་བསོད་ནམས་རྒྱ་མཚོ་སོགས་ཀྱི་སྐུ་བརྙན་དང་། ཕུར་བ་མགུལ་ཁུག་མ་སོགས་ཀྱི་ལོགས་བྲིས་བཅུ་ལྷག་དང་། རྗེས་དྲན་ལྷ་ཁང་གི་ནང་རྟེན་གཙོ་བོ་ལ་༧ཆོས་རྗེ་ཡིད་བཞིན་ནོར་བུའི་འདྲ་སྐུ་ཟངས་གསེར་ལས་གྲུབ་པ་སོགས་དང་། རྫོགས་ཆེན་ལྷ་ཁང་གི་བརྩེགས་དང་པོའི་ནང་དུ་རྟེན་གཙོ་ལ་རིན་པོ་ཆེ་ཆུ་ཤེལ་ལས་གྲུབ་པའི་རྡོར་སེམས་ཡབ་ཡུམ་གྱི་སྐུ་དང་། སྐུ་སྲས་སྒྲ་གཅན་འཛིན་གྱི་སྐུ་དང་། བྱང་ཆུབ་མཆོད་རྟེན་དང་། ཟངས་གསེར་ལས་གྲུབ་པའི་རྫོགས་ཆེན་སྟོན་པ་བཅུ་གཉིས་དང་། གཡས་གཡོན་གཉིས་དང་མདུན་ངོས་སུ་༧ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུའི་འདྲ་སྐུ་ཟངས་རག་ལས་གྲུབ་པ་སྟོང་གཉིས་ལྷག་དང་། བརྩེགས་སྟེང་མའི་ནང་གི་རྟེན་གཙོ་ལ་རྒྱ་ནག་རི་བོ་རྩེ་ལྔའི་གུ་རུ་ཆེ་ཆུང་དང་། ཕྱི་ཡི་རྣམ་པ་སོགས་སྒོ་ཀུན་ནས་འདྲ་བཤུས་བྱས་པའི་གུ་རུ་སྣང་སྲིད་ཟིལ་གནོན་དང་། པཎ་ཆེན་བི་མ་ལ་མི་ཊ་དང་། ཆོས་རྗེ་ཡིད་བཞིན་ནོར་བུ་རྣམ་ཀྱི་སྐུ་དང་། སྟོན་པ་ཐུབ་པའི་དབང་པོའི་སྐྱེས་རབས་བྲིས་ཐང་དག་དང་། གཡང་ཊི་ལས་གྲུབ་པའི་ཞི་ཁྲོ་དམ་པ་རིགས་བརྒྱ་བཅས་བཞུགས་སུ་གསོལ་ནས་ཡོད། ཟངས་མདོག་དཔལ་རིའི་ལྷ་ཁང་ཆེན་མོའི་སྟེང་ཁང་ཆོས་སྐུའི་ལྷ་ཁང་གི་རྟེན་གཙོ་ལ་ཟངས་གསེར་ལས་གྲུབ་པའི་འོད་དཔག་མེད་ཀྱི་སྐུ་དང་། རྫོགས་ཆེན་སྟོན་བཅུ་གཉིས་ཀྱི་ལོགས་བྲིས་དང་། བར་ཁང་ལོངས་སྐུའི་ལྷ་ཁང་གི་རྟེན་གྱི་གཙོ་བོར་གསེར་ཟངས་ལས་གྲུབ་པའི་སྤྱན་རས་གཟིགས་སོགས་བྱང་སེམས་ཉེ་བའི་སྲས་བརྒྱད། རྒྱལ་བ་རིགས་ལྔ། གཡུ་ལོ་བཀོད་པའི་ཞིང་བཀོད། པོ་ཊ་ལའི་ཞིང་བཀོད། བླ་མ་དགོངས་འདུས། ཕུར་བ་རྡོ་རྗེ་གཞོན་ནུ་སོགས་ཀྱི་ལོགས་བྲིས། འོག་ཁང་སྤྲུལ་སྐུའི་ལྷ་ཁང་དུ་ཟངས་གསེར་ལས་གྲུབ་པའི་རྒྱལ་དབང་པད་མ་འབྱུང་གནས། སྤྲུལ་བའི་གུ་རུ་མཚན་བརྒྱད། གྲུབ་པའི་རིག་འཛིན་རྣམ་བརྒྱད། གཏེར་ཆེན་རྗེ་འབངས་ཉེར་ལྔ། ཆོས་སྐྱོང་མ་གཟའ་དམ་གསུམ། གེ་སར་ནོར་བུ་དགྲ་འདུལ། གུ་རུ་མཚན་བརྒྱད་ཀྱི་ལོགས་རིས་དང་། གཏེར་སྟོན་བརྒྱ་རྩའི་ལོགས་བྲིས། གྲུབ་ཆེན་བརྒྱད་ཅུའི་ལོགས་བྲིས་དང་། གསོལ་འདེབས་ལེའུ་བདུན་མ། བསམ་ལྷུན། བར་ཆད་ལམ་སེལ་གྱི་ལོགས་རིས་སོགས་དང་། ཕྱི་རོལ་དུ་དུར་ཁྲོད་བརྒྱད། ཟངས་གསེར་ལས་གྲུབ་པའི་མཆོད་པའི་ལྷ་མོ་དག་དང་། དེའི་འོག་མ་མདོ་སྔགས་ལྷུན་གྲུབ་ཁང་དུ་ནང་རྟེན་གྱི་གཙོ་བོ་དག་ལ་ཟངས་གསེར་ལས་གྲུབ་པའི་སྟོན་པ་ཐུབ་པའི་དབང་པོ་གཙོ་འཁོར་གསུམ། མར་མེ་མཛད། བྱམས་པ་མགོན་པོ། ཚེ་དཔག་མེད། རྡོ་རྗེ་སེམས་དཔའ། འཇམ་དཔལ་སྒྱུ་འཕྲུལ་དྲྭ་བ། རྗེ་བཙུན་སྒྲོལ་མ། རྣམ་རྒྱལ་མ། བྱང་ཆུབ་མཆོད་རྟེན། རྒྱལ་བ་རིགས་ལྔ་ཆོས་སྐུའི་ཆ་བྱད་ཅན། སྲོང་བཙན་སྒམ་པོ། རྒྱ་བཟའ་ཀོང་ཇོ། ཁྲི་སྲོང་ལྡེའུ་བཙན། ཀུན་མཁྱེན་ཀློང་ཆེན་རབ་འབྱམས། འཇམ་མགོན་ས་སྐྱ་པཎ་ཆེན། རྗེ་བདག་ཉིད་ཆེན་པོ་བློ་བཟང་གྲགས་པ། རྣལ་འབྱོར་གྱི་དབང་ཕྱུག་རྗེ་བཙུན་མི་ལ་རས་པ། དོལ་པོ་བ་ཤེས་རབ་རྒྱལ་མཚན། ཀཿདམ་པ་བདེ་གཤེགས། བདུད་འདུལ་རྡོ་རྗེ། ཀློང་གསལ་སྙིང་པོ། འཇིགས་མེད་རྒྱལ་བའི་མྱུ་གུ། ཀུན་མཁྱེན་མི་ཕམ་རྒྱ་མཚོ་སོགས་ཀྱི་སྐུ་དང་། གུ་རུ་པདྨ་འབྱུང་གནས་ཀྱི་སྟོང་སྐུ་ཐང་ག་དང་བཅས་པ་ནི་ཕྱི་ཡི་མཛེས་བཀོད་དང་ནང་གི་གཟུངས་གཞུག་ཚད་ལྡན་ཚུལ་མཐུན་བསམ་གྱིས་མི་ཁྱབ་པ་སྟེ། འདི་ལྟ་བུ་ནི་འཛམ་གླིང་ན་དཀོན་པ་ཞིག་ཡིན་ཞེས་སྨྲས་ནའང་ཆོག་ཆོག་ཉིད་དུ་གྱུར་ཡོད། མ་ཟད་གཙུག་ལག་ཁང་འདི་ཡི་སྟེང་འོག་བར་གསུམ་ཀུན་ཏུ་གྱང་དང་། ཤིང་དག་གིས་བརྩེགས་པ། ཟངས་གསེར་ལས་གྲུབ་པའི་གདུགས་དང་རྒྱལ་མཚན། རྒྱ་ཕིབས་སོགས་དང་། དེའི་མཐར་སྐོར་དུ་དགེ་འདུན་པ་རྣམས་ཀྱི་བཞུགས་གནས་དང་བཅས་པའི་ངོ་མཚར་བའི་ལྷ་ཁང་ཞིག་ཡིན་ལ། འདི་དག་ལ་ལན་གཅིག་མཇལ་ཕྱག་ཕུལ་བའི་སྐལ་བས་ཀྱང་འདི་ཕྱི་དོན་ལྡན་དུ་འགྱུར་ངེས་པའོ། ། གེ་སར་ཞིབ་འཇུག་ཁང་དུ་རིས་སུ་མ་ཆད་པའི་བཀའ་བསྟན་གྱི་གསུང་རབ་དཔེ་མཛོད་ཁང་དང་། འཛིན་གྲྭ་སོ་སོའི་ཆོས་འཆད་ཁང་དང་། སེང་ཆེན་ནོར་བུ་དགྲ་འདུལ་གྱི་སྐུ་བརྙན་དང་རྣམ་ཐར་ལོགས་རིས་དང་། འདན་སྲས་ཆུང་གཡུ་འོད་འབུམ་མེའི་སྐུ་སྐྱེ་ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུའི་སྐུ་བརྙན་དང་རྣམ་ཐར་ལོགས་རིས། སྣེ་ལེན་ཁང་དུ་ཟངས་གསེར་ལས་གྲུབ་པའི་གནས་བརྟན་བྲག་རི་མ། ཐུབ་པ་སྟོང་སྐུ་སོགས་བཞུགས་སའི་གཙུག་ལག་ཁང་ཆེ་ཆུང་རྣམས་ནི་ལུང་རྟོགས་བཤད་དང་སྒྲུབ་པའི་བསྟི་གནས་དང་། ཕྱག་མཆོད་བསོད་ནམས་ཀྱི་ཞིང་སར་བླ་མེད་དུ་གྱུར་པ་ཤ་སྟག་གོ ། གོང་དུ་སྨོས་པའི་ལྷ་ཁང་དེ་དག་ཏུ་རྒྱལ་བའི་བཀའ་བསྟན་རིན་པོ་ཆེ་དག་ཀྱང་མང་དུ་བཞུགས་སུ་གསོལ་ཡོད་ཅིང་། རྒྱུན་དུ་ཆོས་འཆད་ཉན་དང་སྒྲུབ་པ་ཟབ་མོ་དག་གི་དཀྱིལ་འཁོར་གཉེན་པོ་ཞལ་ཕྱེས་ཏེ་སྒྲུབ་ཁང་ཉིད་དུ་བྱེད་རྒྱུ་དང་། མ་ཟད་གཙུག་ལག་ཁང་དང་། ལྷ་སྐུ་དེ་དག་གི་ནང་དུ། སྲིད་ན་དཀོན་པའི་གནའ་རྫས་སུ་གྱུར་པའི་བྱིན་རླབས་ཀྱི་ཚན་ཁ་མ་ཡལ་པའི་ལྷ་སྐུ་སོགས་གཏེར་མ་དང་། ལི་མ་བརྒྱ་ཕྲག་མང་པོ་འགྲོ་བའི་བསོད་ནམས་ཀྱི་ཞིང་དུ་བཞུགས་སུ་གསོལ་ཡོད་དོ། ། མདོ་སྔགས་ལྷུན་གྲུབ་ཁང་གི་མདུན་ངོས་སུ་ཟངས་གསེར་ལས་གྲུབ་པའི་གུ་རུ་བདུད་དཔུང་ཟིལ་གནོན་དང་། ཡང་འགྲོ་འདུལ་སྤྱན་རས་གཟིགས་ཀྱི་ཡང་སྙིང་མ་ཎི་ཡི་གེ་དྲུག་མ་དུང་བཞི་བརྒྱ་ལྷག་ཅན་གྱི་གསེར་གྱི་དུང་འཁོར་མཐོང་གྲོལ་ཆེན་མོ། མ་ཎི་དུང་བཅུ་གསུམ་ཅན་གྱི་རྡོ་འབུམ་འབྲེལ་ཚད་དོན་ལྡན། ཟངས་གསེར་ལས་གྲུབ་པའི་ཡི་གེ་བརྒྱ་པའི་དུང་འཁོར་སོགས་དུང་འཁོར་ཆེན་མོ་ཆ་བརྒྱད། རྡོ་ཀ་མ་རུ་པ་ལས་གྲུབ་པའི་རིགས་གསུམ་མགོན་པོའི་སྐུ། ཟངས་གསེར་གྱི་རྣམ་རྒྱལ་མཆོད་རྟེན་དང་བཀའ་གདམས་མཆོད་རྟེན། ཕུར་བའི་མཆོད་རྟེན་དང་རྣམ་རྒྱལ་མཆོད་རྟེན་ཆེན་མོ་གཉིས་ཀྱིས་གཙོས་གཟུངས་གཞུག་སོགས་ཚད་དང་ལྡན་པའི་མཆོད་རྟེན་ཆེ་ཆུང་སྟོང་ལྷག་དང་། རི་ཁྲོད་ཀྱི་མཐའ་སྐོར་དུ་མ་ཎི་དང་། ཡི་གེ་བརྒྱ་བའི་འཁོར་ཆུང་སྟོང་ལྷག་དང་། གཟུངས་མཆོག་ཡི་གེ་དྲུག་མ་དང་། དབང་སྡུད་གསོལ་འདེབས་སོགས་ཀྱི་ཇོ་དར་ཁྲི་ཕྲག་མང་པོ་དང་། སྒོ་ཆེན་མཐོང་གྲོལ་ཕྱི་ནང་སོགས་ནི་སྐྱེ་དགུའི་བསོད་ནམས་ཀྱི་དཔལ་དུ་གྱུར་ཡོད། 

  གཞན་དུ་འདིར་ཕེབས་པ་རྣམས་ཀྱི་བཞུགས་གནས་ཀྱི་ཁང་པའང་མི་ཉུང་བ་དག་ཀྱང་ཡོད་ལ། གཞན་ཡང་བྱམས་ཆེན་ལྷ་ཁང་ཐོག་བརྩེགས་གསུམ་ཅན་གྱི་ནང་རྟེན་གཙོ་བོ་ལ། གསེར་ཟངས་རིན་པོ་ཆེ་ལས་གྲུབ་པའི་ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུ། སངས་རྒྱས་སྨན་ལྷ། སྟོན་པ་ཤཱཀྱ་ཐུབ་པ། འཕགས་མཆོག་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་ཐོག་བརྩེགས་གཉིས་ཅན། རྒྱལ་ཚབ་བྱམས་པ་མགོན་པོ་ཐོག་བརྩེགས་གཉིས་ཅན། རྗེ་བཙུན་སྒྲོལ་མ་ཐོག་བརྩེགས་གཉིས་ཅན། སངས་རྒྱས་སྣང་བ་མཐའ་ཡས། དགེ་སློང་མ་དཔལ་མོ་རྣམས་ཀྱི་སྐུ་དང་། གཏེར་སྟོན་བསོད་རྒྱལ་དང་མཁན་ཆེན་ཚེ་དབང་འགྱུར་མེད་གཉིས་ཀྱི་དབུ་ཐོད་ནང་རྟེན་བྱས་པའི་བྱང་ཆུབ་མཆོད་རྟེན། སྨན་བླ་སྟོང་སྐུའི་ལོགས་རིས། གཡུ་ལོ་བཀོད་པའི་ཞིང་བཀོད་དང་། པོ་ཊ་ལའི་ཞིང་བཀོད། ཟངས་མདོག་དཔལ་རིའི་ཞིང་བཀོད། བཀའ་བརྒྱད་བདེ་གཤེགས་འདུས་པའི་ལོགས་རིས། སྨྱུང་གནས་བླ་མ་བརྒྱུད་པའི་ཐག་ག་ལོགས་རིས་དང་། བརྩེགས་གཉིས་པར་སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཀྱི་བླ་མ་རྣམས་ཀྱི་སྐུ་བརྙན་ལོགས་རིས་དང་། བརྩེགས་གསུམ་པ་ལ། གེ་སར་ནོར་བུ་དགྲ་འདུལ། མ་གཟའ་དམ་གསུམ། དཔལ་ལྡན་ལྷ་མོ། འདན་སྲས་གཡུ་འོད་འབུམ་མེ། གནོད་སྦྱིན་ཙིའུ་དམར་པོ་སོགས་དང་། སྨྱུང་གནས་ལྷ་ཁང་གི་ནང་ལ་འདམ་བག་ལས་གྲུབ་པའི་གུ་རུ་མཚན་བརྒྱད། ཆོས་རྗེ་ཡིད་བཞིན་ནོར་བུའི་གཟིམ་ཁྲི་སོགས་དང་། མདུན་ཕྱོགས་ཀྱི་དུང་འཁོར་དང་། ཨ་ཁུའི་ཁོག་ན་འགྲོ་སའི་ལམ་བར་དུའང་མཆོད་རྟེན་ཆེ་ཆུང་ཉིས་བརྒྱ་ཙམ་གྱིས་འགེངས་པ་དང་། བདེ་ཆེན་ཞིང་སྒྲུབ་ཐང་དུ་ཟངས་གསེར་ལས་གྲུབ་པའི་སངས་རྒྱས་འོད་དཔག་མེད་གཙོ་འཁོར་གསུམ་བཅས་ཡོད་དོ། ། མ་ཟད་ཆོས་སྡེ་སྟེང་འོག་གི་རྟེན་དེ་དག་གི་དྲུང་དུ་ཉི་མ་རེ་རེ་བཞིན་ཚོམས་ཆུང་སོ་སོ་རེས་མོས་ཀྱིས་མཆོད་མེ་དང་། ཆུ་མཆོད་སྟོང་ཕྲག་འགའ་དང་། བདུག་སྤོས་དང་། མེ་ཏོག་སོགས་མཆོད་པ་རྒྱུན་ཆད་མེད་པར་འབུལ་བཞིན་ཡོད། གཞན་ཡང་གཙུག་ལག་ཁང་དག་གི་ཕྱི་ནང་བར་གསུམ་ཀུན་ཏུ་གློག་མཆོད་དཀར་སེར་དམར་ལྗང་དང་། བཀྲ་ཤིས་པའི་རྫས་བརྒྱད། རྒྱལ་སྲིད་རིན་པོ་ཆེ་སྣ་བདུན་སོགས་མཆོད་རྫས་ཀྱི་དངོས་པོ་དག་གིས་འགེངས་ཡོད་ལ། དེ་དག་ནི་རྟེན་གསུམ་གྱི་སྐོར་ནས་ཆེ་ལོང་ཙམ་སྐལ་ལྡན་རྣམས་ཀྱི་དད་པའི་རྟེན་དུ་ངོ་སྤྲོད་བྱས་པ་ཡིན་ནོ། །

  གཞན་ཡང་ཉམ་ཐག་ནད་པ་རྣམས་ཀྱི་ཆེད་དམིགས་པའི་ཀུན་ཕན་གསོ་རིག་གླིང་སྨན་ཁང་དང་། རྒན་གོག་རྣམས་ཀྱི་ལུས་སེམས་བདེ་བའི་ཆེད་དུ་རྒན་གསོ་ཁང་། སྲོག་བླུ་བྱས་པའི་བྱ་རིགས་སོགས་གསོ་ས་སྲོག་ཆགས་དགའ་བའི་གླིང་ཀ་སོགས་ཉམ་ཐག་སྐྱེ་འགྲོ་དག་ལ་ཕན་འབྲས་ཆེ་བ་དག་ནི་གནས་འདིའི་ཕྱི་ནང་འཁོར་ཡུག་ཀུན་ཏུ་བཀོད་པ་ཕུན་སུམ་ཚོགས་པའོ། །

  ཡང་གནས་འདི་ནས་རྒྱུན་དུ་བཞུགས་པའི་དགེ་འདུན་པའི་སྡེ་དག་ལས། གཞུང་བཀའ་པོད་ལྔ། མདོ་སྒྱུ་སེམས་གསུམ་སོགས་མདོ་སྔགས་རིག་གནས་དང་བཅས་པ་ལ་འཆད་རྩོད་རྩོམ་གསུམ་དང་། ཐོས་བསམ་སྒོམ་གསུམ། བསྙེན་སྒྲུབ་ལས་གསུམ་སྟེ། དམ་པའི་ཚུལ་དགུ་ལ་བརྩོན་པའི་ཕྱོགས་སོ་སོ་ནས་ཕེབས་པའི་དམ་གཙང་སྡོམ་བཙུན་གྱི་གྲྭ་བཙུན་གཞོན་སྐྱེས་རྣམས་ཀྱིས་ཉིན་ལྟར། ཞོགས་པར་དུས་ཚོད་ལྔ་དྲུག་ནས་བཞེངས་ཏེ་ལྷག་པའི་ལྷ་སོགས་ཀྱི་བསྙེན་སྒྲུབ་ཏིང་འཛིན་ལ་དུས་ཚོད་ངེས་ཅན་རེ་བརྩོན་ཏེ་འཇམ་ཆག་གེ་གནས་ཤིང་། གཞུང་བཀའ་པོད་ལྔ་སོགས་ཀྱི་རྩ་བ་བློ་འཛིན་གནང་སྟེ་གཙུག་ལག་ཁང་དག་གི་ཕྱི་ནང་ཀུན་ཏུ་གསུང་སྙན་འུ་རུ་རུ་ལྷུང་བ། ཞོགས་ཇ་གསོལ་རྗེས་མདོ་སྔགས་ཀྱི་རིག་གཞུང་དག་ལ་འཆད་ཉན་བྱས་ཏེ། དུས་ལྟར་དཔེ་ཐུན་བསྡོམས་ནས་ལྷོད་པོར་བཞུགས་རྒྱུ་དང་། ཉིན་དཀྱིལ་གུང་ཚིགས་གསོལ་རྗེས་ཤི་གསོན་གྱི་རིམ་གྲོ་དག་དུས་ཚོད་གཉིས་ཙམ་དུ་སྒྲུབ་རྒྱུ་དང་། རྒྱུན་གསོལ་དག་བཏོན་ནས་འབྲེལ་ཚད་དོན་ལྡན་བྱེད་རྒྱུ། དེ་ནས་སྐྱོར་སྦྱོང་དང་ཆོས་ཁྲིད་དག་དུས་ཚོད་ལྟར་འཚོགས་ཤིང་། ཕྱི་དྲོར་རྩོད་པ་དུས་ཚོད་གཅིག་དང་ཕྱེད་ཙམ་དུ་བྱས་ཏེ་ཐལ་ངག་གི་སྒྲ་དིར་དིར་བྱེད་རྒྱུ་དང་། ནུབ་ཇ་གསོལ་རྗེས་བགྲོ་གླེང་དང་། དགོང་ཐུན་སོགས་རིམ་བཞིན་གྲུབ་རྗེས་ཏིང་འཛིན་བདེ་བའི་མལ་དུ་འཇམ་ལྷང་ངེ་གཟིམ་རྒྱུ་བཅས་ནི། ཞི་དུལ་ཀུན་སྤྱོད་གཙང་མས་སྒོ་གསུམ་ཕྱུག་པའི་གྲྭ་བཙུན་གཞོན་པ་རྣམས་ཀྱི་ཉིན་ཞག་གཅིག་གི་བྱ་བ་རགས་བསྡུས་ཙམ་ཡིན་ལ།  མ་ཟད་ཡིག་རྒྱུགས་དང་། འཆད་རྒྱུགས། བློ་རྒྱུགས་དང་། རྩོད་རྒྱུགས་རྣམས་ལོ་འཁོར་མོ་ལ་སྤྲད་རྒྱུ་དང་། ལོ་མཇུག་རྒྱུགས་སྤྲོད་ཆེན་མོ་བོད་ཟླ་བཅུ་གཅིག་དང་། བཅུ་གཉིས་པ་དག་ཏུ་རིམ་བཞིན་སྤྲད་དེ་ཀུན་ལ་དགའ་བའི་སྣང་བ་སྟེར་རྒྱུ་བཅས་ཡོད་ལ། འདིར་བཞུགས་ཀྱི་དགེ་འདུན་པ་རྣམས་ཀྱི་ཡིད་འོང་གི་གནས་ཁང་། འཚེ་མེད་ཀྱི་བཟའ་བཏུང་། འདུལ་ཁྲིམས་ཡུལ་དུས་དང་མཐུན་པའི་ན་བཟའ་སོགས་འཚོ་བའི་ཡོ་བྱད་དག་ནི་ཐུན་མོང་སྤྱི་མཐུན་གྱི་ཐོག་ནས་སྤྲད་རྒྱུ་ཡོད་ལ། ཡང་ཆོས་སྡེ་གོང་འོག་ན་བཞུགས་པའི་བཙུན་པ་ཕོ་མོ་དང་། དགེ་བསྙེན་ཕ་མ་རྒན་པ་གྱུར་པ་དག་གིས་ཕྱི་ཐུན་དང་སྔ་ཐུན་དག་ཉིན་རྟག་པར་བསྡོམས་ཤིང་གསོ་སྦྱོང་ཡན་ལག་བརྒྱད་པའི་བསླབ་ཁྲིམས་བསྲུང་རྒྱུ་དང་། དཔལ་སྤྲུལ་སྔོན་འགྲོ་སོགས་བློ་སྦྱོང་གི་ཆོས་སྐོར་རྣམས་ལ་འཆད་ཉན་བྱེད་རྒྱུ་དང་འབུམ་ལྔ་བསགས་རྒྱུ། ཐུན་མཚམས་རྣམས་སུ་ཕྱག་སྐོར་སྒྲིབ་སྦྱོང་གི་ལས་ལ་འབད་ཅིང་། ཉི་མ་རེ་རེ་བཞིན་མཉམ་དུ་འཚོགས་ཏེ་བདེ་བ་ཅན་དུ་སྐྱེ་བའི་རྒྱུ་བཞིའི་ཉམས་ལེན་དང་འབྲེལ་བའི་དགོང་འདོན་བཏོན་པ་སོགས་འདི་ཕྱི་དོན་ལྡན་གྱི་ལམ་ནས་དགའ་སྤྲོའི་འཛུམ་མདངས་དང་བཅས་པ་བྱེད་རྒྱུ་ནི་གོང་དང་འོག་གི་རྒན་གསོ་སོགས་དགེ་བསྙེན་གྱི་ཆོས་སྡེ་དག་ན་བཞུགས་པ་རྣམས་ཀྱིས་ཉིན་གཅིག་གི་འགྲོ་སྟངས་ཕྱོགས་ཙམ་བཀོད་པ་ཡིན། ཡང་ཟླ་བ་རེ་རེའི་ནང་དུའང་ཚེས་བཅུ་ཉིན་ལ་འཇམ་དཔལ་རྒྱུད་ལུགས་ཀྱི་ཚོགས་འཁོར་དང་གེ་སར་གསོལ་ཁ། ཚེས་བཅོ་ལྔ་ལ་སྨན་བླའི་མདོ་ཆོག་སོགས་དང་། ཉེར་ལྔ་ལ་སྐུ་གསུམ་ཆོ་ག་དང་མ་གཟའ་དམ་གསུམ་སོགས་ཀྱི་གསོལ་ཁ། སུམ་ཅུ་ལ་སྒྲོལ་མའི་མཎྜལ་བཞི་ཆོག་སོགས་འཚོགས་རྒྱུ་དང་། ཡང་ཚེས་གཅིག་དང་། བརྒྱད། བཅུ། བཅོ་ལྔ། བཅོ་བརྒྱད། ཉེར་གཅིག   ཉེར་ལྔ། གནམ་སྟོང་སྟེ་སངས་རྒྱས་བྱང་སེམས་ཀྱི་དུས་ཆེན་འགྱུར་སྟོབས་ཆེ་བ་རྣམས་སུ། དགེ་བསྙེན་ཕོ་མོ་རྣམས་དང་། ཕྱོགས་ཀྱི་དད་ལྡན་ཕོ་མོ་མང་པོ་གནས་འདིར་ལྷགས་པ་རྣམས་ལ་ཐེག་ཆེན་གསོ་སྦྱོང་གི་སྡོམ་པ་འབོགས་ནས། ལུགས་གཉིས་དང་འབྲེལ་བའི་སློབ་གསོ་གནང་སྟེ་ཡ་རབས་སྤྱོད་བཟང་གི་ལམ་ལ་འགོད་རྒྱུ། ཟླ་བ་རེ་རེ་བཞིན་དུས་ཆེན་གང་རུང་ལ་རྫོང་སྒོ་སོགས་ཡུལ་གྲུ་སོ་སོ་ནས་ཉམ་ཆུང་བའི་སེམས་ཅན་མི་ཉུང་བ་རེ་སྲོག་བླུ་བྱེད་རྒྱུ་བཅས་ནི་ཟླ་བ་གཅིག་གི་བྱ་བཞག་རགས་ཙམ་བསྡུས་པའོ། །

  ཡང་ལོ་རེ་བཞིན་ས་ག་ཟླ་བའི་ནང་དུ་བདེ་ཆེན་ཞིང་སྒྲུབ་ཐང་ནས་འབྲེལ་ཚད་བདེ་བ་ཅན་དུ་འཁྲིད་ཕྱིར་ས་ཟླའི་བདེ་ཆེན་ཞིང་སྒྲུབ་ཆེན་མོ་ཉིན་བདུན་གྱི་ཡུན་ལ་འཚོགས་ཏེ་ཕྱོགས་སོ་སོར་ནས་ཕེབས་པའི་སེར་སྐྱ་ཁྲི་ཕྲག་དུ་མར་མི་ཚེ་དོན་ལྡན་བྱེད་རྒྱུ་དང་། བོད་ཟླ་ལྔ་པའི་ནང་སྟོན་འཁོར་དང་བཅས་པ་དབྱར་སྐྱིད་ཀྱི་ཚུལ་དུ་ཉིན་བཅུ་ཙམ་གྱི་ཡུན་ལ་བཀྲ་ཤིས་དར་ཐང་དུ་བཞུགས་རྒྱུ་དང་། བོད་ཟླ་བཞི་བའི་ཚེས་པ་ཉི་ཤུ་དྲུག་ནས། བོད་ཟླ་དྲུག་པའི་ཚེས་པ་གསུམ་གྱི་བར་དུ་ས་ཏྭ་དུང་སྒྲུབ་དང་། བོད་དྲུག་པའི་ཚེས་པ་བཞིའི་ཉིན་ཆོས་རྗེ་ཡིད་བཞིན་ནོར་བུའི་ཕྱག་སྲོལ་ལྟར་སེམས་བསྐྱེད་འབོགས་ཆོག་གིས་སྡོམ་པ་ལེན་རྒྱུ་དང་། ཚེས་ལྔ་ནས་མགོ་བཟུང་སྟེ་ཉིན་ལྔའི་བར་དུ་པདྨ་འོད་འབར་གྱི་དཀྱིལ་འཁོར་གཉེན་པོ་ལ་བརྟེན་པའི་སིདྡྷི་དུང་སྒྲུབ་འཚོགས་རྒྱུ། ཚེས་པ་བཅུའི་ཉིན་སྤྲུལ་པའི་གཏེར་སྟོན་ཆེན་པོ་གུ་རུ་ཆོས་དབང་གི་དག་སྣང་ལས་བསྩལ་བའི་བླ་མ་གསང་འདུས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས་གུ་རུ་མཚན་བརྒྱད་གྱི་གར་འཆམ་རྒྱུ། ཚེས་བཅུ་གཅིག་དང་། བཅུ་གཉིས་ཏེ་ཉིན་གཉིས་ཀྱི་ཡུན་ལ་འདུ་ར་སྟག་ཐང་ཁྲ་མོ་རུ་དུས་འཁྲུགས་ཀྱི་རྒུད་པ་སེལ་བའི་དུས་བབ་ཀྱི་ཟབ་ཆོས་འདན་སྲས་གཡུ་འོད་འབུམ་མེའི་རྟོགས་པ་གཙོ་བོ་གླེང་བ་བློ་གསལ་ཀུན་ཏུ་དགའ་བའི་ཟློས་གར་ལས། འཕྲིན་ལས་ཞི་བའི་སྐོར་དང་། དྲག་པོའི་སྐོར་གཉིས་འཁྲབས་ཏེ་དགའ་སྐྱིད་ཀྱི་དཔལ་ལ་རོལ་རྒྱུ། ཚེས་བཅུ་གསུམ་ཉིན་ཆོས་སྡེ་འདི་ལ་བཟང་ངན་ལས་ཀྱིས་འབྲེལ་བ་ཐོགས་ཚད་ཀྱི་ཆེད་དུ་གཙོ་བོར་དམིགས་ནས་ཞི་ཁྲོ་དམ་པ་རིགས་བརྒྱའི་གནས་སྟོང་ཉིན་གཅིག་ལ་འཚོགས་རྒྱུ། ཚེས་ཉི་ཤུ་དྲུག་ཉིན་བཀྲ་ཤིས་གཡང་སྒང་དུ་བླ་མ་ཡིད་བཞིན་ནོར་བུའི་ཕྱག་སྲོལ་ལྟར་བསང་མཆོད་དང་ལ་རྩེ་གསོལ་སྟེ་གླིང་བྲོ་བདེ་ཆེན་རོལ་མོ་འཁྲབས་པ་སོགས་ཀྱི་དགའ་སྟོན་རྟེན་འབྲེལ་ལ་ལོངས་སུ་སྤྱོད་རྒྱུ། སྟོན་ཀའི་དུས་སུ་ཕྱོགས་སོ་སོའི་དད་ལྡན་གྱི་འདུ་བ་རྣམས་དང་མཉམ་དུ་བྱམས་ཆེན་ལྷ་ཁང་ནང་དུ་བསྙུང་གནས་དཀར་པོ་ཆ་བརྒྱད་འཚོགས་རྒྱུ། ལོ་ལྟར་བོད་ཟླ་བརྒྱད་པ་ནས་མགོ་བཟུང་སྟེ་ཞག་མ་བརྒྱ་ཙམ་གྱི་ཡུན་ལ་མཁན་རིན་པོ་ཆེ་ཤེས་རབ་བཟང་མཆོག་སྐུ་དངོས་སུ་ཕེབས་ཏེ་ཡུལ་གྲུ་མང་པོ་ནས་ཉམ་ཐག་པའི་སེམས་ཅན་དུང་ཕྱུར་འགའ་སྲོག་བླུ་བྱེད་རྒྱུ། སྤྱི་ཟླ་བཅུ་གཅིག་པའི་ནང་མཁན་རིན་པོ་ཆེ་ཤེས་རབ་བཟང་པོའི་འཁྲུངས་སྐར་དང་འབྲེལ་ཏེ་བསྟན་འཛིན་དམ་པ་རྣམས་ཀྱི་སྐུ་ཚེ་བརྟན་ཕྱིར་དུ་དམིགས་ནས་ཉིན་གསུམ་ལ་རཏྣའི་ཚེ་སྒྲུབ་དང་། བོད་ཟླ་བཅུ་གཅིག་པའི་ཚེས་བཅུ་གསུམ་ནས་བཅུ་དྲུག་གི་བར་དུ་ཚོགས་བསགས་ཀུན་གྱི་རྒྱལ་པོ་བླ་མ་ཡིད་བཞིན་ནོར་བུའི་འདས་མཆོད་ལ་རྗེ་ཉིད་ཀྱིས་མཛད་པའི་གཡུ་རྩེའི་རྡོར་སེམས་དང་། ཀུན་མཁྱེན་མི་ཕམ་རྒྱ་མཚོས་མཛད་པའི་བླ་མ་མཆོད་པའི་སྒྲུབ་པ་དང་། བོད་ཟླ་བཅུ་གཉིས་པའི་ནང་བསྟན་དང་འགྲོ་བའི་འགལ་རྐྱེན་སེལ་ཕྱིར་དུ་དམིགས་ཏེ་ལས་གླིང་གི་ཕུར་བ་ཡང་གསང་ཁྲོས་པའི་སྒྲུབ་པ་དང་། ཀློང་གསལ་སྙིང་པོའི་སེང་གདོང་མའི་སྒྲུབ་པ། དཔལ་ཆེན་རྟ་མགྲིན་གྱི་སྒྲུབ་པ་འཚོགས་རྒྱུ། དུས་སྐབས་དང་བསྟུན་ནས་ཕྱོགས་སོ་སོར་དགེ་སྐུལ་དང་འབྲེལ་བའི་ཞིང་སྒྲུབ་སོགས་ཀྱང་བཙུགས་ཏེ་ལུགས་གཉིས་ཀྱི་ཕྱོགས་ནས་སློབ་གསོ་གནང་རྒྱུ་སོགས་ནི། ཆོས་སྡེ་འདིས་ལོ་འཁོར་མོ་གཅིག་ཏུ་རྣམ་དཀར་བསོད་ནམས་ཀྱི་དངོས་པོ་བསྒྲུབ་ཚུལ་དག་ལས་རགས་ཙམ་སྨྲས་པའོ། ། དེ་ལྟར་གོང་དུ་བཀོད་པ་དག་ནི་སྐལ་བཟང་སྐྱེ་བོ་རྣམས་ལ་དད་པའི་གཞི་རྟེན་ཉིད་དུ་དམིགས་ཏེ་ཆོས་སྡེ་འདི་ཡི་ངོ་སྤྲོད་རགས་ཙམ་བསྡུས་པ་ཡིན་ལ། ཞིབ་ཅིང་ཕྲ་བའི་ལམ་ནས་རྣམ་བཞག་དག་གཞན་དུ་འཆད་པ་ལས་འདིར་མ་སྤྲོས་སོ། །

  ཞེས་པ་འདི་ནི་བོད་རབ་བྱུང་བཅུ་བདུན་པའི་ཤིང་མོ་ལུག་གི་ལོའི་ཆོ་འཕྲུལ་ཟླ་བའི་ཡར་ཚེས་ལྔ་ཉིན་ལ། ནང་བསྟན་གྱི་གྲལ་མཐའ་ནས་སྐྱེས་པའི་འདུ་གསུམ་པ་ཚེ་དབང་དངོས་གྲུབ་ཏུ་འབོད་པས་སྤོས་ལྡན་གྲོང་ཁྱེར་དུ་དང་། སླར་ཡང་མེ་སྤྲེལ་ལོར་ཁ་སྣོན་ཅུང་ཟད་དང་བཅས་ལེགས་གྲུབ་བགྱིས་པ་འདིས་ཀྱང་སྐྱེ་འགྲོ་མི་ཉུང་བ་ཞིག་ལ་ཕན་ཐོགས་པར་གྱུར་ཅིག། ༢༠༡༥ ༢ ༢༣